༢༠༡༦ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་མི་ལན་ནང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་སྩལ་འདུག དེ་ཉིན་མཛད་འཕྲིན་ཁག་གི་ཐོག་མར་ཨི་ཊ་ལི་ཡུལ་གྱི་གསར་འགྱུར་བརྙན་འཕྲིན་ཚན་པའི་ SkyTG 24 གསར་འགོད་པ་སྐུ་ཞབས་པིའོ་ཌི་ཨེ་མི་ལི་ཡ་སི་ Pio d’Emilia ལགས་ཀྱི་དྲི་བ་རྣམས་ལ་བཀའ་ལན་སྩལ་གྲུབ་བསྟུན། གྲོང་ཁྱེར་མི་ལན་ནང་དུ་རོ་ཕེ་ར་ཞེས་པའི་ཚོགས་ཁང་ཆེན་མོའི་ Rho Fiera ནང་དུ་མི་གྲངས་ ༨༨༠༠ བརྒལ་བར་རྣམ་གྲ་མཁན་རིན་པོ་ཆེ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ངོ་སྤྲོད་ཞུས། སྐབས་དེར་ཨི་ཊ་ལི་དང་བོད་རིགས། ཕ་རན་སི། འཇར་མན། ཝི་ཏི་ནམ། སོག་པོ་སོགས་མི་རིགས་འདྲ་མིན་ཕེབས་ཡོད་སྟབས་སྐད་རིགས་དེ་དག་ཐོག་བཀའ་ཆོས་གསུང་སྒྱུར་ཞུས་འདུག
དེ་ཡང་ཆོས་འབྲེལ་དབུ་འཛུགས་ཀྱི་ཐོག་མར་ཤྲི་ལངྐའི་གནས་བརྟན་སྡེ་པའི་དགེ་འདུན་པ་ཁག་གཅིག་ནས་པཱ་ལིའི་སྐད་ཐོག་ཤིས་བརྗོད་གསུང་འདོན་གནང་རྗེས་ཝི་ཐི་ནམ་ནང་པ་ཁག་གཅིག་གིས་ཤེས་རབ་སྙིང་པོ་འགྱུར་ཁུགས་དང་བཅས་དབྱངས་སུ་གྱེར། དེ་རྗེས་༸གོང་ས་མཆོག་གིས་ཆོས་འབྲེལ་དབུ་འཛུགས་ཀྱིས་ཐོག་མར་བཀའ་སློབ་སྩལ་དོན། དེ་རིང་འདིར་ཁྲོམ་ཐོག་རིན་པོ་ཆེས་དབུ་ཁྲིད་པའི་བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་ཁང་ནས་རྗེ་ཙོང་ཁ་པ་ཆེན་པོའི་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་བྱེད་རོགས་ཞེས་གསུངས་པ་ལྟར། ཐོག་མར་ངོས་ཀྱིས་ནང་ཆོས་ངོ་སྤྲོད་ཀྱི་ཚུལ་དུ་རྟེན་འབྲེལ་བསྟོད་པ་ཁྲིད་རྒྱུ་དང་། དེ་རྗེས་ཉམས་ལེན་ཇི་ལྟར་བྱེད་ཚུལ་དང་འབྲེལ་ནས་ལམ་གཙོ་རྣམ་གསུམ་ཆོས་འབྲེལ་བྱ་རྒྱུ་ཡིན། ང་ཚོ་འགྲོ་བ་མིའི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་གཅིག་གྱུར་ཡིན། ང་ཚོ་ས་གནས་འདྲ་མིན་གང་འདྲ་ཞིག་ནས་ཡོང་བ་ཡིན་ནའང་ཚང་མར་མིག་གཉིས་དང་སྣ་གཅིག ཁ་གཅིག་བཅས་གཅིག་མཚུངས་ཡོད། ང་ཚོ་ཚང་མས་བདེ་བ་འདོད་པ་ལྟར་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཡོད། ཕྱི་དངོས་པོའི་མཐུན་རྐྱེན་དེ་དག་གཙོ་བོ་མིའི་བདེ་སྐྱིད་སྐྲུན་ཆེད་རེད།
དཔེར་ན། གོ་མཚོན་ལ་ཆ་མཚོན་ནའང་འཇིགས་སྣང་ཡོང་བཞིན་ཡོད། འོན་ཀྱང་གོ་མཚོན་དེ་ཡང་དོན་དག་ཡང་སྙིང་བདེ་བ་དོན་གཉེར་ཆེད་དུ་ཡིན། ཡར་རྒྱས་ཚད་མཐོན་པོར་སོན་པའི་རྒྱལ་ཁབ་ཁག་གི་ནང་དུ་སེམས་ཁྲལ་དང་སེམས་ངལ་རྐྱང་རྐྱང་བྱེད་ནས་སྡོད་དགོས་པ་དེ་འདྲ་ཡོང་བཞིན་འདུག ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་ལ་མཚོན་ན་ཧ་ལས་དགོས་པ་ཡོད། འོན་ཀྱང་དེ་རྐྱང་པས་སེམས་ནང་བདེ་སྐྱིད་བསྐྲུན་མི་ཐུབ་པ་ཧ་ཅང་གསལ་པོ་རེད། འགྲོ་བ་མིའི་རིགས་ཐེར་འབུམ་ ༧ ཡོད་པའི་ཁོངས་ནས་ཐེར་འབུམ་ ༡ ཙམ་གྱིས་ཆོས་ལ་ཡིད་ཆེས་བྱེད་ཀྱི་མེད། ཡིད་ཆེས་བྱེད་མཁན་གྱི་གྲས་སུའང་མང་པོ་ཞིག་གིས་ངོ་ཐོག་ལག་ལེན་ཐོག་དེ་ཙམ་བསམ་བློ་བཏང་གི་མེད། དེར་བརྟེན་ད་ཆ་ང་ཚོས་ཆོས་ལུགས་བྱེ་བྲག་པ་ཞིག་ལ་མ་བརྟེན་པར་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་མིའི་སེམས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་གོང་མཐོར་གཏོང་ཐབས་བྱེད་དགོས།
སྤྱིར་ཆོས་ལུགས་གཙོ་ཆེ་བ་ཚང་མའི་ནང་མི་བཟང་པོ་ཞིག་བཟོ་ཐུབ་པའི་ནུས་པ་ལྡན་ཡོད། པཱ་ལིའི་གཞུང་ནང་དུ་བདེན་པ་བཞི་དང་བྱང་ཕྱོགས་སོ་བདུན། དེ་བཞིན་ཚུལ་ཁྲིམས་དང་ཏིང་ངེ་འཛིན། ཤེས་རབ་བཅས་བསླབ་པ་གསུམ་གྱི་ཉམས་ལེན་སྐོར་དེ་དག་ནང་ཆོས་ཀྱི་གཞི་མ་ཡིན། དེའི་ཐོག་ཡོངས་གྲགས་མ་ཡིན་པའི་ཐོག་ནས་ཕར་ཕྱིན་དྲུག་དང་བཅུ། དེ་བཞིན་སེམས་སྐྱེ་ཚུལ་སོགས་སྐོར་གསུངས་ཡོད། རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པའི་ནང་མ་ཚུད་པའི་རྒྱ་གར་གྱི་པཎ་གྲུབ་དུ་མ་ཡོད་སྟབས་ངོས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་བསྟོད་པ་ཞིག་བྲིས་པ་ཡིན། བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་བྱང་ཕྱོགས་སོ་བཅུན་བཅས་ནང་ཆོས་ཀྱི་གཞི་མ་དེ་དག་ཆོས་འཁོར་དང་པོའི་སྐབས་གསུངས་པ་རེད། རྒྱལ་པོའི་ཁབ་ཀྱི་ཕུང་པོའི་རིར་བཅོམ་ལྡན་འདས་ཀྱིས་བཀའ་བར་པ་ཚན་གཉིས་མེད་པའི་ཆོས་འཁོར་སྐབས་མདོ་སྡེ་དགོངས་འགྲེལ་དང་དེ་བཞིན་གཤེགས་པ་སྙིང་པོའི་མདོ་བཅས་གསུངས་ནས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཡོད་ཚུལ་དང་། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པ། དེའི་ཐོག་ནས་གསང་སྔགས་རྣལ་འབྱོར་གྱི་ཉམས་ལེན་བྱེད་ཚུལ་བཅས་འཁོར་ལོ་མཐའ་མའི་སྐབས་གསུངས་ཡོད། ཤེས་རབ་སྙིང་པོའི་ནང་། ག་ཏེ་ག་ཏེ། པཱ་ར་ག་ཏེ། པ་ར་སཾ་ག་ཏེ། བྷོ་དྷི་སྭ་ཧཱ། ཞེས་ག་ཏེ་དང་པོས་ཚོགས་ལམ་བསྟན། ག་ཏེ་གཉིས་པས་སྦྱོར་ལམ་གསུངས། པཱ་ར་ག་ཏེ། ཞེས་པས་མཐོང་ལམ་གསུངས། པ་ར་སཾ་ག་ཏེ། སྒོམ་ལམ་དང་། བྷོ་དྷི་སྭ་ཧཱ། ཞེས་པས་མི་སློབ་ལམ་བསྟན། ཞེས་ནང་ཆོས་ངོ་སྤྲོད་མཛད།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་གིས་ཨི་ཊ་ལི་དང་སུད་སི། སི་པེན་བཅས་ནས་བོད་མི་ཆོས་ཞུ་བ་གྲངས་ ༢༠༠ བརྒལ་བར་བླང་དོར་བཀའ་སློབ་སྩལ། །