༢༠༡༦ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་རྒྱལ་ས་པ་རག་ Prague ནང་ཡུལ་དེའི་རིག་གཞུང་བློན་ཆེན་སྐུ་ཞབས་ཌེ་ནི་ཡལ་ཧར་མན་ Mr Daniel Herman མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་བླང་དོར་བཀའ་སློབ་སྩལ་རྗེས་རིག་གཞུང་བློན་ཆེན་མཆོག་གིས། ༸གོང་ས་མཆོག་ཉེ་འགྲམ་གྱི་ཚོགས་ཁང་ Manes Hall དུ་གདན་འདྲེན་ཞུས་ཏེ་མགོན་པོ་གང་ཉིད་མཆོག་གིས། སྣང་གནས་མི་མཐུན་པའི་ཆོས་ལུགས་ཀྱི་རྣམ་གཞག Paradox of Religion ཅེས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད།
བགྲོ་གླེང་དེ་ནི་གླེང་སྟེགས་ ༢༠༠༠ ཞེས་པའི་ཞི་བདེའི་ལྷན་ཚོགས་ཀྱི་ཆ་ཤས་ཤིག་ཡིན་འདུག སྐབས་དེར་ལས་རིམ་གཙོ་སྐྱོང་བ་ཤོ་ལོ་མོ་ཨི་ཝ་ཡེན་རི་ Shlomo Avineri ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་སྦྲགས། བགྲོ་གླེང་ནང་ལྷན་ཞུགས་མཛད་མཁན་རྣམས་རེ་རེ་བཞིན་ངོ་སྤྲོད་ཞུས། བགྲོ་གླེང་ནང་ཨི་ཇིབ་ Egypt ཀྱི་རྩོམ་པ་པོ་དང་གསར་འགོད་པ་ཏ་རིག་ཨོ་སི་མན་ Tarek Osman ལགས་ཀྱང་ཡོད་འདུག
ཚོགས་བཅར་བ་མི་གྲངས་ ༡༥༠ ཡོད་པ་རྣམས་ལ་ཐོག་མར་རིག་གཞུང་བློན་ཆེན་མཆོག་གིས་གསུང་དོན། སྤྱིར་ང་རང་ལ་མཚོན་ན་གཞི་རྩ་ཇིའུ་མི་རིགས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡང་ངས་རོམ་གྱི་ཡེ་ཤུ་རྣམ་དག་ Roman Catholic ཆོས་ལུགས་ལ་དད་པ་བྱེད་བཞིན་ཡིན། ང་རང་དེ་སྔ་ཅེག་ཀོ་སུ་ལོ་ཝ་ཀི་ཡའི་ Czechoslovakia ནང་འཚར་ལོངས་བྱེད་སྐབས་ཆོས་ཀྱིས་ངའི་བསམ་བློའི་ནང་རང་དབང་གི་ཚོར་བ་ཞིག་སྟེར་བྱུང་། ཚོར་བ་དེས་ཕྱིས་སུ་ངས་ཆབ་སྲིད་ལས་དོན་ནང་ལས་ཀ་ཤུགས་ཆེན་པོ་བྱེད་སྐབས་སྙིང་སྟོབས་ཀྱི་གཞི་རྩ་ཞིག་ཏུ་གྱུར། ཞེས་གསུངས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་གཞན་ལ་བདེ་སྐྱིད་སྐྲུན་ཐབས་བྱེད་བཞིན་ཡོད། སེམས་འཁྲུག་ནས་བསྡད་ན་ཕྱི་དངོས་པོའི་མཐུན་རྐྱེན་ཇི་ཙམ་སྦྱར་ཡང་སེམས་ནང་ཞི་བདེ་ཡོང་བ་བཟོ་མི་ཐུབ།
དེ་ལས་ལྡོག་སྟེ་གལ་ཏེ་སེམས་ལ་ཞི་བདེ་ལྷིང་འཇགས་ཡོད་ཚེ་ལུས་ལ་ན་ཟུག་བྱུང་ཡང་སེམས་དེ་ཙམ་མི་འཁྲུག འདས་པའི་ལོ་ངོ་ ༣༠ ཙམ་གྱི་རིང་ངོས་ཀྱིས་ཚན་རིག་པ་དང་ལྷན་བགྲོ་གླེང་ཤུགས་ཆེ་བྱས་པ་ཡིན། སྐབས་དེར་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་སྐོར་གསུངས་པ་དེ་ངོས་ཀྱིས་རེ་བའི་འབྱུང་ཁུངས་ལྟ་བུར་བརྩི་བཞིན་ཡོད།
ཕྱོགས་གཅིག་ནས་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེའི་བསླབ་བྱ་གསུང་བཞིན་ཡོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བརྗོད་ན། མི་ཐེར་འབུམ་གཅིག་ལྷག་གིས་ཆོས་ལ་དེ་ཙམ་ཡིད་ཆེས་བྱེད་ཀྱི་མེད། དེར་བརྟེན་བྱམས་བརྩེ་སོགས་ནང་གཤིས་རྒྱུས་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་ཐབས་ཆེད་ཐབས་ལམ་གཞན་ཞིག་གི་བརྒྱུད་ནས་གོ་དཀོན་སློབ་གསོ་སྤྲོད་ཐབས་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་ཡོད་པ་བཅས།།