༢༠༡༦ ཟླ་ ༡༠ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སི་གྲོང་ཁྱེར་ཛུ་རིག་ནང་དུ་ཡེ་ཤུའི་ལྷ་ཁང་ Grossmünster Church ཞེས་པ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་འདུག དེ་ཡང་ཐོག་མར་ཡེ་ཤུའི་མཆོད་དཔོན་སྐུ་ཞབས་ཀི་རི་སི་ཊོ་པར་སིག་རི་སི་ཊི་ Pastor Christoph Sigrist མཆོག་གིས་༸གོང་ས་མཆོག་ལ་ལྷ་ཁང་གི་སྒོ་འགྲམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་ལྷ་ཁང་ནང་དུ་༸ཞབས་སོར་འཁོད་མཚམས་ཧིན་དུ་དང་ཡེ་ཤུ། ཁ་ཆེ། ཇིའུ་སོགས་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམས་ངོ་སྤྲོད་ཞུས། སྐབས་དེར་ལྷ་ཁང་ནང་དུ་མི་གྲངས་ ༡༠༠༠ ཕེབས་ཡོད་སྟབས་ལྷ་ཁང་ཡོངས་སུ་ཁེངས་ཡོད་འདུག མཆོད་དཔོན་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་ཞབས་སྟེགས་ཐོག་བཞུགས་གྲུབ་མཚམས་ཆོས་ལུགས་ཀྱི་རོལ་མོ་སྤྱན་བསྟར་ཞུས། དེ་རྗེས་སྐུ་ཞབས་ཀི་རི་སི་ཊོ་པར་སིག་རི་སི་ཊི་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་དོན།
དེ་རིང་ས་གནས་འདིར་ང་ཚོའི་ཆོས་གྲོགས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཆིབས་སྒྱུར་བསྐྱངས་ནས་ང་ཚོ་དང་ལྷན་སྨོན་ལམ་རྒྱག་རྒྱུའི་གོ་སྐབས་བྱུང་བར་ང་ཚོར་ཧ་ཅང་གི་བསྐལ་པ་བཟང་པོ་ཞིག་བྱུང་། ཞེས་ངོ་སྤྲོད་གནང་གྲུབ་བསྟུན། ཆོས་ལུགས་སོ་སོའི་སྨོན་ལམ་གསུང་འདོན་གནང་།
སྐབས་དེར་ཐོག་མར་སུད་སིའི་ནང་རྟེན་གཞི་བྱས་པའི་རི་ཀོན་དགོན་པས་ཐོག་མར་སྨོན་ལམ་གསུང་འདོན་གནང་། དེ་ནས་རིམ་བཞིན་ཆོས་ལུགས་སོ་སོའི་སྨོན་ལམ་གསུངས། དེ་རྗེས་ཛུ་རིག་མངའ་ཁུལ་གྱི་ཚོགས་གཙོ་དང་བོད་ཀྱི་གྲོགས་པོ་རྙིང་པ་སྐུ་ཞབས་མ་རིའོ་ཕེར་ Mario Fehr མཆོག་གིས་གསུང་དོན། དེ་རིང་ཁྱེད་རྣམ་པ་ཚང་མ་འདིར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཞི་བདེའི་ཆེད་ཐུགས་སྨོན་སྐྱབས་འཇུག་མཛད་པར་ངས་དགའ་བསུ་དང་སྦྲགས་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་གྲུབ་བསྟུན་ཚོགས་བཅར་བ་མི་གྲངས་ ༧༠༠ ཙམ་གྱིས་ལྷ་ཁང་གི་ཕྱི་རོལ་དུ་དགའ་དད་སྤྲོ་གསུམ་ངང་བརྙན་འཕྲིན་ཐོག་ནས་གསན་གཟིགས་གནང་བཞིན་པ་བཅས་ལ་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
མཛའ་ཞིང་བརྩེ་བའི་ཆོས་གྲོགས་སྤུན་ཟླ་ཕོ་མོ་རྣམ་པ། དེ་རིང་ངོས་རང་འདིར་ཆོས་ལུགས་འདྲ་མིན་གྱི་བླ་སློབ་དང་ལྷན་དུ་འཛོམས་ནས་སྨོན་ལམ་འདོན་རྒྱུའི་བསྐལ་བཟང་གི་གོ་སྐབས་འདི་ལྟ་བུ་ཞིག་ཐོབ་པར་སེམས་ནང་དགའ་ཚོར་ཁྱད་པར་བ་ཞིག་ཐོབ་བྱུང་། འདུ་འཛོམས་འདི་ལྟ་བུ་ནི་ཕན་ཚུན་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཆགས་ཡོད། ད་ལྟ་ང་ཚོ་འདིར་འཛོམས་ནས་ཞི་བདེ་བག་ཕེབས་ངང་སྨོན་ལམ་འདོན་བཞིན་ཡོད་ཀྱང་འཛམ་གླིང་ས་གནས་ཁག་གཅིག་ནང་ཆོས་མིང་ཁ་འཁྱེར་འོག་མི་གསོད་ཁྲག་སྦྱོར་གྱི་ལས་བརྩམས་དང་རྩོམ་བཞིན་ཡོད།
དེང་སྐབས་གླང་པོ་ཆེ་དང་སྟག་གིས་མི་བསད་འདུག་བརྗོད་སྐབས་ཧང་སང་སང་བྱས་པ་མ་གཏོགས་མིས་མི་བསད་འདུག་བརྗོད་སྐབས་འཆར་ཅན་ལྟ་བུ་བརྩིས་པ་མ་གཏོགས་དེ་ཙམ་སྣང་བ་བཏང་གི་མེད། འདི་ནི་ཧ་ཅང་ཐབས་སྡུག་རེད། གང་ལྟར་ཚན་རིག་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད་གཞི་རྩའི་མིའི་རང་བཞིན་ལྷན་སྐྱེས་བསམ་བློ་དེ་བྱམས་བརྩེའི་རང་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད། ང་ཚོ་འཚོ་གནས་ཆེད་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡོད།
དེར་བརྟེན་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ས་མཚམས་ཀྱི་རྙོག་གྲ་སོགས་ལ་བརྟེན་ནས་བྱུང་བའི་ཉེན་ཁ་དང། འཇིག་སྣང་དང་དངངས་སྐྲག་རིགས་རྩ་བ་ནས་དགོས་མེད། དཔེར་ན། བར་སྣང་ནས་ང་ཚོའི་གོ་ལ་སྔོ་སྡུམ་ཆུང་ཆུང་འདིར་མར་ལྟ་སྐབས་ས་མཚམས་ཟེར་བ་དེ་འདྲ་རྩ་བ་ནས་མཐོང་མི་ཐུབ།
དེང་སྐབས་དངོས་ཡོད་གནས་སྟངས་དེ་ལྟར་ཆགས་ཡོད། ང་ཚོས་འགྲོ་བ་མི་རིགས་སྤྱིའི་བདེ་ཐབས་ལ་བསམ་བློ་གཏོང་དགོས། འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་གཞན་ལ་གོ་རྟོགས་སྤེལ་བ་བརྒྱུད་ངོས་ཀྱིས་ཆོད་སེམས་བརྟན་པོའི་ཐོག་ནས་འཛམ་གླིང་ནང་བདེ་སྐྱིད་སྐྲུན་ཐབས་བྱེད་བཞིན་ཡོད། ང་ཚོ་འགྲོ་བ་མི་ཚང་མ་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་མིའི་འདུ་ཤེས་འཛིན་མཁན་གཅིག་མཚུངས་ཆགས་ཡོད།
ང་ཚོ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་འདོད་ཡོད། འོན་ཀྱང་ང་ཚོ་དང་ཁོ་པ་ཚོ། ཞེས་རང་རྒྱལ་གཞན་ཕམ་གྱི་བསམ་བློ་དེའི་ཐོག་ནས་ཕན་ཚུན་དབར་བར་ཐག་རིང་དུ་འགྲོ་བཞིན་ཡོད། དེའི་ཚབ་ཏུ་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་བསམ་པའི་འདུ་ཤེས་འཛིན་དགོས། ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་བརྩེ་དང་བཟོད་བསྲན། གནོད་པ་ལ་ཇི་མི་མཉམ་པའི་བཟོད་པ། དེ་བཞིན་བག་ཡོད་བསྟེན་ཚུལ་སོགས་ཀྱི་བསླབ་བྱའི་སྐོར་ལམ་སྟོན་གནང་མཁན་གཅིག་མཚུངས་ཡིན། དེར་བརྟེན་ཆོས་ལུགས་ཚང་མས་བྱམས་བརྩེའི་འདུ་ཤེས་གོང་མཐོར་སྤེལ་བ་བརྒྱུད་ཞི་བདེ་སྐྲུན་རྒྱུའི་ནུས་པ་ལྡན་ཡོད། ལྟ་གྲུབ་ཕན་ཚུན་མི་འདྲ་ཙམ་ཡོད་ཀྱང་དགོས་དམིགས་གཙོ་བོ་ནི་གཞན་ལ་བྱམས་བརྩེ་སྤེལ་བ་བརྒྱུད་མི་བཟང་པོ་ཞིག་བཟོ་རྒྱུ་རེད།
གཉིས་ནས་ངོས་རང་ནང་པའི་དགེ་སློང་ཞིག་ཡིན། དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་ངོས་ཀྱིས་འོས་འགན་ཡིན། ཞེས་བཀའ་སྩལ་བ་དང་སྦྲགས། སྐུ་ཞབས་ཐོ་མ་སི་མེར་ཊོན་ Thomas Merton མཆོག་དང་སྐྱེས་ཆེན་དམ་པ་ཨ་མ་ཊེ་རེ་ས་ Saint Mother Teresa མཆོག དེ་བཞིན་ཧིན་དུ་དང་ཁ་ཆེའི་ཆོས་གྲོགས་འགའ་ཤས་ཀྱི་མཛད་རྗེས་ལ་མགོན་པོ་གང་ཉིད་མཆོག་ཐུགས་ཡོད་ཧ་ཅང་འཕྲོག་པོ་བྱུང་ཚུལ་སོགས་བཀའ་སློབ་སྩལ་རྗེས་ཡེ་ཤུའི་སློབ་དཔོན་སྐུ་ཞབས་སིག་རི་སི་ཏི་མཆོག་གིས་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་རྗེས་སླར་ཡང་བླ་སློབ་ཚང་མས་དེ་སྔ་ཡེ་ཤུའི་སྐྱེས་ཆེན་དམ་པ་ཕ་རན་སི་ St Francis of Assisi མཆོག་གིས་སྨོན་ལམ་དེ་གསུང་འདོན་མཛད་རྒྱུར་གསོལ་འདེབས་ཞུས་དོན་ལྟར་མཛད།
གཞན་ཡང་སྐབས་དེར་ཁོང་གིས་ཡེ་ཤུའི་ལྷ་ཁང་དང་འདབས་འབྲེལ་བའི་ཁང་པའི་ནང་སི་རི་ཡའི་སྐྱབས་བཅོལ་བ་ཁག་གཅིག་ཡོད་སྟབས་སྐྱབས་བཅོལ་བ་ཚོས་ཆོས་ལུགས་དབུ་ཁྲིད་རྣམ་པར་ཉིན་གུང་གསོལ་ཚིགས་གྲ་སྒྲིག་ཞུས་ཡོད་སྐོར་སྙན་སྒྲོན་ཞུས། ལྗགས་སྨིན་གྲུབ་བསྟུན་ཛུ་རིག་མངའ་ཁུལ་གྱི་ཚོགས་གཙོ་དང་བོད་ཀྱི་གྲོགས་པོ་རྙིང་པ་སྐུ་ཞབས་མ་རིའོ་ཕེར་ Mario Fehr མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡི་རང་བསྔགས་བརྗོད་མཚོན་ཆེད་གསེར་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་པར་ཐུགས་དགྱེས་བཞེས་མཛད། མཛད་སྒོ་ལེགས་གྲུབ་རྗེས་ལྷ་ཁང་ནས་༸གོང་ས་མཆོག་ཛུ་རིག་གནམ་ཐང་བརྒྱུད་སུ་ལོ་ཝ་ཀི་ཡར་ Slovakia ཆིབས་སྒྱུར་བསྐྱངས་ཏེ་ཡུལ་དེའི་རྒྱལ་ས་བྷར་ཏི་སི་ལ་ཝའི་ Bratislava གནམ་ཐང་དུ་༸ཞབས་སོར་བཀའ་དྲིན་བསྐྱངས།
ཕྱི་ཚེས་ ༡༦ ཉིན་མགོན་པོ་གང་ཉིད་མཆོག་གིས་ཀོ་མིན་སི་ཀིའི་མཐོ་སློབ་ Komensky University ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་སྔ་དྲོ་བཀའ་སློབ་སྩལ་རྒྱུ་མ་ཟད། ཕྱེད་ཡོལ་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།