༢༠༡༦ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་ཏི་ཝི་ཡའི་རྒྱལ་ས་རི་གའི་ནང་དུ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ཆོས་འབྲེལ་ཉིན་གཉིས་པ་དབུ་འཛུགས་མ་མཛད་གོང་བྷལ་ཊིཀ་རྒྱལ་ཁབ་ཁག་གི་བོད་དོན་རྒྱབ་སྐྱོར་བ་ཁྱོན་མི་གྲངས་ ༧༥ ཙམ་ལ་མཇལ་ཁ་སྩལ། སྐབས་དེར་ལ་ཏི་ཝི་ཡའི་ནང་པ་ཚོའི་ངོས་ནས་༸གོང་ས་མཆོག་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་ཐང་ཞིག་འབུལ་ལམ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། འཕགས་མཆོག་སྤྱན་རས་གཟིགས་དང་བོད་མི་ཚོའི་དབར་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད། ཕྱོགས་གཅིག་ནས་སྤྱན་རས་གཟིགས་ནི་ངོས་ཀྱིས་མགོན་སྐྱབས་ཆགས་ཡོད་པ་དང་། ངོས་ཀྱིས་དུས་དུས་སུ་ལམ་སྟོན་ཞུ་བཞིན་ཡོད། ཅེས་བཀའ་སློབ་སྩལ་ཡོད།
དེ་རྗེས་ཨི་སི་ཊོ་ནའི་བོད་དོན་རྒྱབ་སྐྱོར་བ་ཚོས་༸གོང་ས་མཆོག་ཨི་སི་ཊོ་ནི་ཡར་ཆིབས་སྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་པ་མ་ཟད། གཞན་ཡང་སྐབས་དེར་ལི་ཐུ་ཝི་ནི་ཡའི་བོད་དོན་རྒྱབ་སྐྱོར་བ་ཚོས་མགོན་པོ་གང་ཉིད་མཆོག་ལ་ཕྱག་རྟགས་ཤིག་འབུལ་ལམ་ཞུས་ཡོད།
དེ་རྗེས་༸གོངས་་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་བྷལ་ཊིཀ་རྒྱལ་ཁབ་ཁག་གསུམ་གྱི་གྲོགས་པོ་ཚོ་དང་སླར་ཡང་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་། ཁྱེད་ཚོས་ཀྱང་ང་ཚོ་བོད་མི་ལྟར་བཙན་གནོན་གྱི་དཀའ་སྡུག་མྱངས་པར་བརྟེན་ཉམས་མྱོང་ཧ་ཅང་ཡོད། བོད་ལ་འཛམ་གླིང་གི་ཡང་ཐོག ཅེས་འབོད་སྲོལ་ཡོད། མཐོ་སྒང་བོད་ཀྱི་ཁོར་ཡུག་དང་གནམ་ གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཐེབས་ཀྱི་ཡོད། མི་མང་འཐེར་འབུམ་གཅིག་ལྷག་བོད་ནས་རྒྱུག་བཞིན་པའི་རྒྱུག་ཆུར་བརྟེན་ནས་འཚོ་ སྡོད་བྱེད་བཞིན་ཡོད།
བོད་ནང་དུ་རྒྱ་ནག་གཞུང་གིས་ཤིང་ནགས་གང་བྱུང་གཅོད་བྲེག་དང་གཏེར་ཁ་སྔོག་འདོན་བྱས་རྐྱེན་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ ཚབས་ཆེ་བཟོ་བཞིན་ཡོད། བོད་ནི་ས་མཐོ་ལ་གནམ་གཤིས་སྐམ་པོ་ཡིན་སྟབས་ས་གནས་གཞན་དང་མི་འདྲ་བར་ཁོར་ཡུག་ ཉམས་ཆག་སླར་གསོ་ཡོང་རྒྱུར་དུས་ཚོད་མང་བ་འགོར་བཞིན་ཡོད། བོད་ཀྱི་སྐད་ཡིག་གི་གནས་སྟངས་དེ་ཡང་ཕྱིའི་ཤུགས་རྐྱེན་ཧ་ཅང་འོག་གནས་ཡོད། སློབ་གྲྭ་ཁག་གཅིག་ནང་བོད་ཡིག་སློབ་ཁྲིད་བྱ་རྒྱུར་དམ་བསྒྲགས་བྱེད་བཞིན་ ཡོད། དམ་བསྒྲགས་མེད་པའི་སློབ་གྲྭའི་ནང་དུ་མཚོན་ནའང་བོད་རིགས་སློབ་མ་རྣམས་ལས་རྒྱ་རིགས་སློབ་མ་ཚོར་བརྒྱ་ཆ་མང་བ་ཐོབ་བཞིན་ཡོད། ཉེ་ཆར་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་གྲོང་ཚོའི་ས་ཁུལ་དེ་དག་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ཐག་གཅོད་བྱས་པ་དེས་བོད་ནང་རྒྱ་མི་གནས་སྤོ་བྱེད་མཁན་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། རྒྱ་རིགས་དེ་དག་ཤེས་ཡོན་དང་ལག་རྩལ་མེད་མཁན་ཡིན་ནའང་བོད་མི་རྣམས་གྲངས་ཉུང་མི་རིགས་ཤིག་ཏུ་འགྱུར་སྟབས་ལས་ཀའི་གོ་སྐབས་མང་ཆེ་བ་ཁོ་པ་ཚོར་ཐོབ་བཞིན་ཡོད།
གྲོང་ཁྱེར་ཁག་གི་ནང་རྒྱ་སྐད་ཤོད་བཞིན་ལྷ་སའི་བོད་མི་ཚོས་སྲོལ་རྒྱུན་བོད་མིའི་ཁ་ ལག་གཙོ་བོ་ཙམ་པ་བཟའ་རྒྱུའི་ཚབ་ཏུ་འབྲས་དེ་ཁ་ཟས་གཙོ་བོར་བརྩི་བཞིན་ཡོད། འཛམ་གླིང་གི་ནང་པའི་ཡུལ་གྲུ་འདྲ་མིན་ནང་ཡོད་པའི་ནང་པ་ཚོ་དང་ཐུག་སྐབས་བོད་ མི་ཚོས་ད་བར་དཀའ་ལས་བརྒྱབ་ནས་ནང་ཆོས་ལ་སློབ་གཉེར་བྱས་པ་བརྒྱུད་གཅེས་ཉར་བྱས་པ་དེ་ཇི་ཙམ་གལ་ཆེན་པོ་དང་རྩ་བ་ཆེན་པོ་ཡིན་པ་ཚོར་ཐུབ་བཞིན་འདུག རིག་གཞུང་འདི་གལ་ཏེ་ཉམས་ཆག་བྱུང་བ་ཡིན་ན་གྱོན་གུན་ཧ་ཅང་ཆེན་པོ་རེད། བོད་མི་ཚོས་རང་བཙན་རྩོད་ཀྱི་མེད། འོན་ཀྱང་བོད་མི་ཚོར་རང་གི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་སྤྲད་དགོས། ཕྱི་ལོ་ ༡༩༧༤ ལོ་ནས་བཟུང་བོད་མི་རྣམས་ཀྱིས་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་ཐོག་ནས་འཐབ་རྩོད་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཁོང་རྣམ་པའི་དྲི་བར་བཀའ་ལན་སྩལ།
དེ་རྗེས་མགོན་པོ་གང་ཉིད་མཆོག་ Skonto Hall ཏུ་ཆོས་འབྲེལ་འཕྲོ་སྐྱོང་མཛད་ཆེད་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན། མགོན་པོ་གང་ཉིད་མཆོག་གིས་མཛད་པའི་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་སྐོར་གྱི་དཔེ་དེབ་ Toward a True Kinship of Faiths ཞེས་པ་ལ་ཏི་ཝི་ཡ་དང་ཨུ་རུ་སུའི་སྐད་ནང་ཕབ་སྒྱུར་ཟིན་པ་དེ་སྤྱན་བསྟར་ཞུས། དེ་རྗེས་ཨུ་རུ་སུའི་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་ཆོས་འབྲེལ་འཕྲོས་སྐྱོང་མཛད་ཡོད།།