༢༠༡༦ ཟླ་ ༡༠ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ནང་དུ་ཡུལ་དེའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་དང་མཇལ་འཕྲད་ཀྱིས་བཀའ་སློབ་སོགས་སྩལ་བསྟུན། ཉིན་གུང་ལྗགས་སྨིན་མཛད་རྗེས་རྒྱལ་ས་པ་རག་ནང་དུ་རྟེན་གཞི་བྱས་པའི་ལུ་ཁར་ན་གསོལ་མགྲོན་ཁང་ Lucerna Palace དུ་མང་ཚོགས་ ༢༨༠༠ བརྒལ་བར་བཀའ་སློབ་སྩལ་དོན།
བརྩེ་བའི་སྤུན་ཟླ་ཕོ་མོ་ཚོ། སྲིད་འཛིན་དམ་པ་སྐུ་ཞབས་ཧ་ཝེལ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག ཡུལ་འདིས་ལངས་ཕྱོགས་བརྟན་བཟུང་ཐོག་ནས་ཤར་བསྐྱོད་གནང་ཡོད། ཁ་སང་བཞི་མདོ་ Hradcanske Square དེར་འཛོམས་སྐབས་ཁྱེད་ཚོས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་མཐོང་བྱུང་། བོད་དོན་ལ་རྒྱབ་སྐྱོར་བྱས་པ་དེ་བདེན་པར་རྒྱབ་སྐྱོར་བྱས་པ་ཞིག་དང་བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ཤར་བསྐྱོད་བྱེད་བཞིན་པ་དེར་རྒྱབ་སྐྱོར་བྱས་པ་ཞིག་ཡིན།
དེར་བརྟེན་བོད་མིས་གཙོས་འཚེ་མེད་ཞི་བར་དགའ་བའི་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་ངོས་ཀྱིས་ཁྱེད་རྣམ་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁ་སང་ངོས་ཀྱིས་ལས་འགན་གཙོ་བོ་གསུམ་གྱི་ཐོག་འགྲེལ་བཤད་ཞུ་རྒྱུ་བྱུང་། དང་ཐོག་ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་བདེ་སྐྱིད་གོང་མཐོར་གཏོང་རྒྱུ་གལ་ཆེན་པོ་རེད། བདེ་སྐྱིད་ཀྱི་རྩ་བ་སེམས་ཀྱི་ཞི་བདེ་ཡིན། ཞི་བདེ་སྐྲུན་རྒྱུའི་ཐབས་ལམ་མཆོག་ནི་གཞན་ལ་བྱམས་བརྩེའི་ཉམས་ལེན་བྱ་རྒྱུ་རེད། ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་པ་དང་བརྩེ་བ་སོགས་ཀྱི་བསླབ་བྱ་གསུང་བཞིན་ཡོད། ཚན་རིག་པ་ཚོས་ཀྱང་བརྟག་དཔྱད་ཀྱི་ལམ་ནས་གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད་སྟབས་བཟང་ཕྱོགས་ཀྱི་རེ་བ་རྒྱག་ས་ཞིག་ཡོད།
ངོས་ཀྱི་ལས་འགན་གཉིས་པ་ནི། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་བཏང་རྒྱུ་འདི་རེད། གསུམ་པ་དེ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་བྱ་རྒྱུ་རེད། ཆབ་སྲིད་ཐོག་ནས་བརྗོད་ན། ངོས་རང་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ནས་རྒས་ཡོལ་ཆ་ཚང་ཞུས་ཟིན། འོན་ཀྱང་བོད་ཀྱི་རིག་གཞུང་དང་སྐད་ཡིག དེ་བཞིན་འཇིག་སླ་བའི་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་བློ་འཚབ་ཧ་ཅང་འདུག ཁ་སང་གང་བརྗོད་པ་འདིར་བསྐྱར་ཟློས་བྱ་འདོད་མེད། དེར་བརྟེན་དེ་རིང་འདིར་དྲི་བ་ཡོད་ན་གསུང་རོགས། ཞེས་བཀའ་སློབ་སྩལ་བསྟུན་མང་ཚོགས་ཀྱི་དྲི་བར་བཀའ་ལན་མཛད།
སྐབས་དེར་ཚོགས་བཅར་བ་འགའ་ཤས་ཀྱིས་དེང་སྐབས་ཅེག་སྤྱི་མཐུན་རྒྱལ་ཁབ་དང་ཨ་རི་སོགས་ཀྱི་ནང་དུ་གནས་སྟངས་འགྱུར་བ་འགྲོ་བཞིན་པའི་ཐད་སེམས་འཚབ་ཀྱི་རྣམ་པ་བཏོན་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ང་ཚོས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བལྟ་ཐུབ་པ་དགོས། ད་ལྟ་ཨི་རག་ Iraq དང་སི་རི་ཡའི་ Syria ནང་གི་གནས་སྟངས་ལ་བསམ་བློ་བཏང་བ་ཡིན་ན་ད་ལྟ་འདིར་གནས་སྟངས་ཡག་ཐག་ཆོད་རེད། འཛམ་གླིང་གི་དཀའ་ངལ་ཐོག་སེམས་ཁྲལ་བྱེད་ནས་བསྡད་པ་ཙམ་གྱིས་དཀའ་ངལ་སེལ་མ་ཐུབ་པར་བརྟེན། དེ་ཕན་རྒྱུ་གང་ཡང་མེད། དེའི་ཚབ་ཏུ་སོ་སོའི་བློ་མ་རུང་པ་རྣམས་ལ་གཉེན་པོ་བསྟེན་ནས་རང་རྒྱུད་ཞི་དུལ་བག་ཡོད་ཞིག་བྱུང་བ་ཡིན་ན། སྙིང་སྟོབས་སྐྱེས་རྒྱུ་དང་། སྙིང་སྟོབས་ཡོད་ན་རེ་བ་ཞིག་ཀྱང་རང་བཞིན་གྱིས་བསླེབ་རྒྱུ་རེད། གྲོགས་པོ་གལ་ཆེན་པོ་རེད། དཔལ་འབྱོར་དང་སྟོབས་ཤུགས་ལ་བརྟེན་ནས་གྲོགས་པོ་བཟོ་བ་དེ་འདྲ་མིན་པར་གཞན་ལ་གུས་བརྩི་དང་བྱམས་བརྩེའི་ཉམས་ལེན་ཐོག་ནས་གྲོགས་པོ་བཟོ་དགོས། ངོས་རང་འདིར་ཡོང་ཐུབ་པར་ཧ་ཅང་དགའ་པོ་བྱུང་། སྤྱིར་སྲིད་འཛིན་དམ་པ་སྐུ་ཞབས་ཧ་ཝེལ་མཆོག་དྲན་བཞིན་འདུག འདི་ནི་ཆོས་ཉིད་རེད།
འོན་ཀྱང་དམ་པ་ཁོང་གི་གྲོགས་པོ་གྲོགས་མོ་ཚོས་ཁོང་གི་ལམ་སྟོན་ཐོག་ཤར་བསྐྱོད་ཀྱིས་དམ་པ་ཁོང་གི་འཆར་སྣང་རྣམས་བསྒྲུབ་ཐབས་གནང་བཞིན་པ་མཐོང་སྐབས་ངོས་རང་དགའ་པོ་བྱུང་། ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་རྒྱ་ནག་གཞུང་ཚབ་ཁང་གིས་རྙོག་གྲ་ཤོད་བཞིན་ཡོད། དེ་འཆར་ཅན་ལྟ་བུ་རེད། འོན་ཀྱང་ཁོ་པ་ཚོས་དེ་ལྟར་བྱས་རྐྱེན་ངོས་ལ་ཁྱབ་བསྒྲགས་ཤུགས་ཆེ་ཐོབ་བཞིན་འདུག གལ་ཏེ་ཁྱེད་ཚོས་ངོས་ལ་དངོས་སུ་སྐྱོན་བརྗོད་བྱེད་མཁན་རྒྱ་ནག་དཔོན་རིགས་ཚོ་དང་ཟུར་དུ་ཐུག་པ་ཡིན་ན། གཅིག་བྱས་ན་ཁོ་པ་ཚོས་བསམ་ཚུལ་གཞན་ཞིག་བརྗོད་མདོག་ཁ་པོ་རེད། གཅིག་བསྡུས་དབང་འཛིན་ལམ་ལུགས་འོག་སྨྲ་བརྗོད་རང་དབང་མེད། འདི་ཁྱེད་ཅེག་མི་སེར་ཚོས་གསལ་པོ་ཤེས་རྒྱུ་རེད། ཅེས་བཀའ་ལན་སྩལ། དེ་རྗེས་ཚོགས་བཅར་བ་ཞིག་གིས་མགོན་པོ་གང་ཉིད་མཆོག་སླར་སྐྱེ་བ་བཞེས་རྩིས་ཡོད་དམ། ཞེས་དྲི་བ་ཕུལ་བར་བཀའ་ལན་སྩལ་དོན། ཇི་སྲིད་ནམ་མཁའ་གནས་པ་དང་། ཞེས་པའི་སྤྱོད་འཇུག་ཀྱི་རྩ་བ་ལུང་འདྲེན་མཛད། ཕྱོགས་མཚུངས་གཞན་ཞིག་གིས་ཁུལ་དེར་སླར་ཡང་ཆིབས་སྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་པར་བཀའ་ལ་སྩལ་དོན། ངོས་རང་ངེས་པར་དུ་འདིར་ཡོང་ཆོག འོན་ཀྱང་ཁྱེད་ཚོས་མགྲོན་ཤོག་གཏོང་དགོས། ཞེས་སོགས་ཀྱི་བཀའ་ལན་སྩལ།།