༢༠༡༦ ཟླ་ ༡༠ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུ་ལོ་ཝ་ཀི་ཡའི་ Slovakia རྒྱལ་ས་བྷར་ཏི་སི་ལ་ཝའི་ Bratislava ནང་རྟེན་གཞི་བྱས་པའི་ཀོ་མི་ན་སི་ Comenius University མཐོ་སློབ་ཀྱི་དགེ་ལས་སློབ་མ་རྣམས་ལ་བཀའ་སློབ་སྩལ་འདུག དེ་ཡང་༸གོང་ས་མཆོག་ཁུལ་དེར་༸ཞབས་སོར་འཁོད་མ་ཐག་མཐོ་སློབ་ཀྱི་རེག་ཊར་སྐུ་ཞབས་ཀ་རོལ་ Rector Karol Micietal མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་རྗེས་ཚོགས་ཁང་ནང་དུ་དགེ་ལས་སློབ་མ་གྲངས་ ༢༥༠ བརྒལ་བའི་དབུས་ཐོག་མར་གཙུག་ལག་སློབ་དཔོན་སྐུ་ཞབས་མར་ཊིན་སུ་ལོ་ཌོ་ནིག་ Prof Martin Slododnik ལགས་ཀྱིས་༸གོང་ས་མཆོག་ངོ་སྤྲོད་གནང་རྗེས་མགོན་པོ་གང་ཉིད་མཆོག་གིས་བླང་དོར་བཀའ་སློབ་སྩལ་དོན། བཀུར་འོས་སྤུན་མཆེད་ཕོ་མོ་རྣམ་པ། ངོས་རང་དེ་རིང་འདིར་ཤེས་ཡོན་ཐོག་སྦྱང་བརྩོན་གནང་མཁན་ཁྱེད་རྣམས་དང་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ཆེ་མཐོང་ཐོབ་པ་ཞིག་བྱུང་། ངོས་རང་ས་གནས་གང་དུ་བསྐྱོད་ནས་མི་སུ་འདྲ་ཞིག་དང་ཐུག་ཀྱང་རང་དང་འདྲ་བའི་མི་ཞིག་དང་ཐུག་གི་ཡོད་བསམས་དྲན་གྱི་འདུག
ང་ཚོ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་ཀྱི་ཡོད། གཞན་གྱིས་རང་ལ་འཛུམ་མདངས་ཀྱི་རྣམ་པ་སྟོན་སྐབས་ཕར་འཛུམ་ལན་སློག་སྲོལ་ཡོད། དེར་བརྟེན་ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་གཞན་ལ་འཛུམ་ཤིག་ཤིག་ངང་འགྲོ་བཞིན་ཡོད། ཚན་རིག་པ་ཚོས་གཞི་རྩའི་འགྲོ་བ་མིའི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་བརྟག་དཔྱད་ཀྱི་ལམ་ནས་ངེས་པ་རྙེད་ཐུབ་ཡོད། དེར་བརྟེན་ང་ཚོ་ཕན་ཚུན་སྐད་བརྡ་མ་འཕྲོད་པ་ཡིན་ནའང་འཛུམ་མདངས་ཀྱི་རྣམ་པའི་ཐོག་ནས་མཛའ་བརྩེའི་འབྲེལ་ལམ་བསྐྱངས་ཐུབ། གལ་ཏེ་ང་ཚོས་མི་གཞན་རྣམས་རང་ཉིད་དང་མཚུངས་པའི་འགྲོ་བ་མི་རིགས་གཅིག་མཚུངས་ཡིན་བསམས་པ་དང་། རང་ཉིད་ཀྱི་སྤུན་མཆེད་ཕོ་མོ་ལྟར་ཡིན་བསམས་པའི་འདུ་ཤེས་འཛིན་ཐུབ་ན། ང་ཚོའི་དབར་ཆོས་ལུགས་མི་འདྲ་བ་དང་རྒྱལ་ཁབ་ཐ་དད། དེ་བཞིན་གོ་ས་མཐོ་དམའ་སོགས་རིམ་པ་གཉིས་པའི་གནས་སྟངས་དེ་དག་གལ་ཆུང་དུ་གྱུར་ངེས་ཡིན་པས། ང་ཚོས་རིམ་པ་གཉིས་པའི་གནས་སྟངས་དེར་གཙོ ་ཆེར་མ་འཛིན་པར་གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་རིགས་ཐེར་འབུམ་བདུན་གཅིག་གྱུར་ཡིན་བསམས་པའི་རིམ་པ་དང་པོའི་གནས་སྟངས་གཙོ་ཆེར་འཛིན་དགོས།
ང་ཚོས་ནམ་རྒྱུན་ཡང་སེ་ང་ཚོ་དང་ཁོ་པ་ཚོ། ཞེས་ཐ་དད་ཀྱི་འདུ་ཤེས་གཙིགས་ཆེར་འཛིན་པའི་ཉེར་ལེན་ལ་བརྟེན་ནས་ཕན་ཚུན་དབར་འཁྲུག་རྩོད་ཀྱི་གཞི་རྩར་འགྱུར་བཞིན་ཡོད། དཀའ་ངལ་རྣམས་དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་སེལ་ཐབས་བྱེད་རྒྱུའི་ཐབས་ལམ་དེ་ཐབས་ལམ་ནོར་བ་ཞིག་རེད། དུས་རབས་ ༢༠ དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་གྱུར་ཡོད། ད་ཆ་དུས་རབས་ ༢༡ འདི་གྲོས་མོལ་བརྒྱུད་ནས་ཕན་ཚུན་མི་མཐུན་པ་རྣམས་སེལ་དགོས་པ་དང་། རང་རྒྱལ་གཞན་ཕམ་ལས་ཟློག་སྟེ་ཕན་ཚུན་གཉིས་ཕན་གྱི་ཐབས་ལམ་ལག་བསྟར་ཐུབ་པ་བྱེད་དགོས། ཞེས་བཀའ་སློབ་སྩལ་བསྟུན་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་མཛད་འཕྲིན་གསུམ་གྱི་སྐོར་བཀའ་སློབ་སྩལ་རྗེས་ཚོགས་བཅར་བའི་དྲི་བར་བཀའ་ལན་མཛད།།