༢༠༡༦ ཟླ་ ༡༠ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་དད་ལྡན་པ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣ ནས་ ༦ བར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གཙོ་གྱུར་ཕྱི་ནང་དད་ལྡན་མང་ཚོགས་རྣམས་ལ་སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་བཀའ་ཆོས་དབུ་འཛུགས་མཛད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཡོལ་ཙམ་ཐོག་ཐེ་ཝན་དད་ལྡན་གྱི་འཐུས་མི་རྣམ་པས་སྤོས་སྣེས་སྔོན་བསུས་ཏེ། མགོན་པོ་གང་ཉིད་མཆོག་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་ཐེ་ཝན་ཆོས་ཞུ་བ་གྲངས་ ༡༡༠༠ དང་། རྒྱ་ནག་ཆོས་ཞུ་བ་གྲངས་སོ་གཉིས། དེ་བཞིན་རྒྱ་གར་གྱིས་མཚོན་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༥ ནས་བཅར་བའི་ཆོས་ཞུ་བ་གྲངས་ ༡༦༣༨ དེ་བཞིན་རང་རིགས་བཅས་ཁྱོན་མི་གྲངས་ ༦༦༠༠ བརྒལ་བ་རྣམས་ལ་ཐོག་མར་ནང་ཆོས་ངོ་སྤྲོད་སྐབས་བཀའ་སློབ་ཕེབས་དོན།
དེ་རིང་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ནི་ཁྱེད་རང་ཚོ་ཐེ་ཝན་ནས་ཡོང་བའི་བསྟན་འཛིན་བྱམས་ཆེན་གྱི་ཆོས་ཚོགས་ཀྱི་རབ་བྱུང་ཕོ་མོ། ཉེ་ཆར་གསར་དུ་བསྒྲུབས་པའི་རབ་བྱུང་ཕོ་མོ་རྣམ་པ། དེ་བཞིན་གནས་བརྟན་བགྲེས་པ་ཚོ་དང་། བསྟན་འཛིན་བྱམས་ཆེན་ཆོས་ཚོགས་ཁོངས་ཀྱི་ཆོས་གྲོགས་ཚོ་དང་དེ་མིན་ཐེ་ཝན་ནང་ཡོད་པའི་ས་དགེ་བཀའ་རྙིང་རིས་མེད་ཀྱི་ཆོས་ཚོགས་ཁག་ནས་ཕེབས་པའི་རྣམ་པ་ཚོ་དང་། རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་རིགས་འགའ་ཤས་ཡོད། གཙོ་བོ་ཕལ་ཆེར་ལོ་རྒྱུས་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཉམས་ལེན་བྱེད་མཁན་དང་། བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་མཁན། རྒྱ་མི་རིགས་སྤྱི་ཡོངས་ཐོག་ནས་སངས་རྒྱས་པའི་རྗེས་འབྲང་ཆགས་ཀྱི་འདུག འཛམ་གླིང་འདིའི་སྟེང་རྒྱ་རིགས་ཡོད་ས་དཔེར་ན། ཨ་རིའི་ལོས་ཨན་ཇེ་ལེས་ Los Angeles དང་ནེའུ་ཡོག་ལྟ་བུ་རྒྱ་རིགས་མང་པོ་ཡོད་སའི་གྲས་ལ་ནང་པའི་ལྷ་ཁང་ཡོང་བཞིན་འདུག དེ་བཞིན་ཝི་ཏི་ནམ་མང་ཚོགས་ཡོད་ས་དཔེར་ན་ཨོ་སི་ཊེ་ལི་ཡ་ཆ་བཞག་ན་ཝི་ཏི་ནམ་ཤོག་ཁག་ཡོད་སྟབས་ནང་པའི་ལྷ་ཁང་ཆེན་པོ་ཞིག་ཡོད། མ་ལེ་ཤི་ཡ་ལ་ཆ་བཞག་ནའང་རྒྱ་རིགས་མང་པོ་ཡོད་ཁོངས་ནས་མང་པོ་ཞིག་ནང་པ་རེད་འདུག ཨིན་དོ་ནེ་ཤེ་ཡ་ཡང་དེ་བཞིན་རེད། དེར་བརྟེན་ལོ་རྒྱུས་ཐོག་ཕ་མེས་ནས་མར་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་འབྲང་མཁན་ཆགས་ཀྱི་ཡོད། ངོས་ཀྱིས་ནམ་རྒྱུན་འདི་ལྟར་བཤད་ཀྱི་ཡོད།
ལོ་རྒྱུས་ཀྱི་ཐོག་ནས་རྒྱ་རིགས་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་ལྟ་བུ་རེད། པཱ་ལིའི་ཆོས་བརྒྱུད་འཛིན་མཁན་འབར་མ། ཐེ་ལནཌ། ཤྲི་ལངྐ། ཀམ་སྦོ་ཌི་ཡ། ལཱ་འོ་སི། པཱ་ལིའི་ཆོས་བརྒྱུད་འཛིན་མཁན་དེ་ཚོ་གྲས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་ཤོས་ཆགས་ཡོད། དེའི་རྗེས་ཏཀྴ་ཤི་ལ་དང་ནཱ་ལེནྡྲ། བྷྲི་ཀྲ་མ་ཤི་ལ་དེ་ཚོ་ཡར་རྒྱས་ཕྱིན་ནས་བསྟན་པའི་གཞི་མ་ལྟ་བུ་ཚུགས་པ་རེད། དེ་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་གཙོ་བོ་རེད། འདུལ་བའི་ཉམས་བཞེས་ང་ཚོ་ཚང་མ་གཅིག་པ་རེད། པཱ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་གཉིས་ཀར་ཕྲན་བུ་རྒྱས་བསྡུས་མ་གཏོགས་འདུལ་བའི་ཉམས་བཞེས་གཅིག་པ་རེད་འདུག ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་སྔ་ཤོས་དེ་རྒྱ་ནག་ཡིན་ས་རེད། རྒྱ་གར་ནས་དར་བ་རེད། དེ་ཡང་ཀླུ་སྒྲུབ་ཀྱི་རྗེས་འབྲང་ཆགས་ཡོད།
གང་ལྟར་ལེགས་སྦྱར་གྱི་ཆོས་བརྒྱུད་མ་འཛིན་མཁན་གྱི་ངོས་ནས་བཤད་ནའང་ཁྱེད་རང་ཚོ་དགེ་ཕྲུག་རྒན་པ་ཆགས་ཡོད། རྒྱ་ནག་ལ་དུས་རབས་བདུན་པའི་གོང་ནས་ནང་ཆོས་དར་བ་རེད། བོད་ལ་དུས་རབས་ ༧ ཙམ་ནས་འགོ་ཚུགས་པ་རེད། གང་ལྟར་ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན་རྒྱ་མི་རིགས་ཚོ་བཅོམ་ལྡན་འདས་ཀྱི་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ནང་ནས་བསླབ་པ་འགྲེས་པའམ་དགེ་ཕྲུག་རྒན་པ་ཆགས་ཡོད། ང་ཚོ་བོད་དང་སོག་པོ་དེ་དག་དགེ་ཕྲུག་གཞོན་པ་ལྟ་བུ་རེད།
ཡིན་ནའང་ཤེས་ཚད་བསྡུར་དགོས་བྱུང་ན་དགེ་ཕྲུག་གཞོན་པ་ཚོ་སྐྱོ་པོ་རང་མེད། གང་ཡིན་བརྗོད་ན་བོད་ལ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཁོང་རང་ཉིད་ལྟ་གྲུབ་སྨྲ་བ་ཧ་ཅང་མཁས་པ་ཆེན་པོ་རེད། ལྷག་པར་ཚད་མའི་ཐོག་ཧ་ཅང་མཁས་པ་རེད་འདུག
དེར་བརྟེན་ཁོང་གིས་བོད་ལ་ནཱ་ལེནྡྲའི་ཆོས་བརྒྱུད་ངོ་སྤྲོད་གནང་སྟེ། ཁོང་ཉིད་ལྟ་གྲུབ་སྨྲ་བ་དང་ཚད་མ་བ་ཡིན་སྟབས། ཁོང་གི་དགེ་ཕྲུག་ཚོས་ཀྱང་ལྟ་གྲུབ་གཏན་ལ་ཕབ་པའི་སྐབས་ཚད་མ་དང་རིག་པའི་ལམ་ནས་གཏན་ལ་དབབ་རྒྱུ་གཙོ་བོ་བྱེད་ཀྱི་ཡོད། འདི་ལྟར་བྱས་ཏེ་ཁོང་གི་དྲིན་ལ་བརྟེན་ནས་བོད་གངས་ཅན་གྱི་ལྗོངས་རང་ཉིད་ནས་ཚད་མའི་གཞུང་མཛད་མཁན་བྱུང་ཡོད། དཔེར་ན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིགས་གཏེར་མཛད་ཡོད། དེ་ལ་སོགས་པའི་བོད་ལ་ཚད་མའི་གཞུང་མཛད་མཁན་གང་ཙམ་བྱུང་ཡོད། ཉེ་ཆར་ང་ཚོས་བསྡོམས་ཐོར་ཞིབ་འཇུག་བྱེད་སྐབས། རྒྱ་གར་ནས་ཚུར་བསྒྱུར་བ་བཀའ་འགྱུར་དང་བསྟན་འགྱུར་པུ་ཏི་སུམ་བརྒྱ་ཙམ་ཡོད། བོད་གངས་ཅན་གྱི་ལྗོངས་ནས་བོད་ཀྱི་མཁས་པ་ཚོས་བཀའ་འགྱུར་བསྟན་འགྱུར་པུ་ཏི་སུམ་བརྒྱ་ཙམ་གྱི་དགོངས་འགྲེལ་བརྩམས་པ་དེ་ཕལ་ཆེར་པུ་ཏི་ཁྲི་གཉིས་ཙམ་ཡོད་པ་ལྟ་བུ་འདུག གང་ལྟར་བོད་ལ་དར་སྲོལ་ཧ་ཅང་བྱུང་འདུག གཙོ་བོ་མཁན་ཆེན་ཞི་བ་འཚོའི་བཀའ་དྲིན་རེད། ཁོང་རང་ཉིད་ནཱ་ལེནྡྲའི་མཁས་པའི་དབང་པོ་ཡིན་པ་དང་། ཁོང་གིས་ལྟ་གྲུབ་སྐོར་བཤད་སྐབས་ཚད་མའི་ལམ་ནས་གསུང་མཁན་ཞིག་ཡིན། དཔེར་ན། དབུ་མ་རྒྱན་གྱི་མགོ་དེར་ལམ་སང་གཏན་ཚིགས་བཀོད་ནས་ལྟ་བའི་རྣམ་གཞག་གསུང་གི་འདུག གཅིག་དུ་བྲལ་གྱི་གཏན་ཚིགས་བྱས་ནས་གཙོ་བོ་གཏན་ཚིགས་རང་བྱས་ནས་གསུང་བཞིན་ཡོད། གང་ལྟར་བོད་གངས་ཅན་གྱི་ལྗོངས་སུ་ཕལ་ཆེར་སངས་རྒྱས་པའི་གཞུང་ནས་གསུང་པའི་ཚད་མ་རིག་པ་དེ་བོད་ལ་ཡོད་པ་བཞིན་ནང་པའི་ལུང་པ་གཞན་སུ་ལའང་མེད་པ་ལྟ་བུ་འདུག དེ་དང་ཆབས་ཅིག་ལྟ་གྲུབ་དང་ཚད་མའི་སྐོར་བཤད་སྐབས་ཕལ་ཆེར་བོད་ཡིག་དང་བོད་སྐད་ལས་ལྷག་པ་མི་འདུག སྔ་མོ་ལེགས་སྦྱར་གྱི་གཞུང་བོད་ལ་སྒྱུར་གྱིན་སྒྱུར་གྱིན་བོད་སྐད་ཡར་རྒྱས་ཕྱིན་པ་རེད། དེར་བརྟེན་ལེགས་སྦྱར་དང་བོད་སྐད་ཚིག་གཉིས་ཏག་ཏག་འགྲོ་གི་ཡོད།
གང་ལྟར་དེ་རིང་འདིར་ལོ་རྒྱུས་ཀྱི་ཐོག་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་། དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་གྱུར་ཡིན་སྟབས། ཁྱེད་རང་ཚོར་ལོ་མང་ཞིག་ནས་ཆོས་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། དེ་རིང་འདིར་ཡང་བསྐྱར་ཆོས་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་བ་འདིར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོ་གྲ་སྒྲིག་བྱེད་མཁན་དང་སྒེར་པ་སོ་སོས་འགྲོ་སོང་བཏང་སྟེ་དཀའ་ངལ་ཁྱད་དུ་བསད་པའི་ཐོག་ནས་འདིར་ཡོང་བ་རེད། ཐུགས་རྗེ་ཆེ་ཟེར་གྱི་ཡིན། དེ་དང་ཆབས་ཅིག་ཡུལ་གྲུ་གཞན་ཁག་ནས་དེ་སྔ་སངས་རྒྱས་པའི་ཆོས་མ་དར་སའི་ནུབ་ཕྱོགས་རྒྱལ་ཁབ་དེ་འདྲ་ནས་ནམ་རྒྱུན་ཡོང་བཞིན་ཡོད་པ་བཞིན་དེ་རིང་ཡང་འདིར་གང་ཙམ་སླེབས་ཡོད་པའི་བཟོ་འདྲ་འདུག དེ་འདྲ་ཡིན་དུས་གཞི་རྩའི་ནང་པའི་ཆོས་ཟེར་ན་ཕལ་ཆེར་ལོ་རྒྱུས་ཐོག་ནས་ཨེ་ཤ་ཡའི་ཆོས་ལྟ་བུ་ཆགས་ཡོད། ལོ་རྒྱུས་ཐོག་ནས་བརྩིས་པ་ཡིན་ན། སྤྱིར་བཏང་དཔེར་ན་དཀྱིལ་ཤར་ཡུལ་གྲུ་ Middle East ནས་བྱུང་པའི་ཡི་ཤུའི་ཆོས་ལ་ཆ་བཞག་ན་ཨེ་ཤི་ཡའི་ལུང་པའི་ནང་ལ་མང་པོ་ཡོད་རེད། ཆོས་བརྒྱུད་གཙོ་ཆེ་བ་འདི་དག་ཧ་ལམ་རྒྱལ་སྤྱིའི་ཆོས་ལྟ་བུ་ཆགས་ཀྱི་འདུག དེ་འདྲ་ཡིན་དུས་ནང་པའི་ཆོས་ཡིན་ནའང་དེ་སྔ་ཤར་ཕྱོགས་ནས་ཡོང་བ་རེད། དེ་རིང་ཁ་སང་གི་འཛམ་གླིང་སྒང་ལ་ཕན་ཚུན་ཧ་ཅང་གི་འབྲེལ་བ་ཟབ་པོ་ཡོད་པ་ཡིན་དུས་འགྲོ་ཕྱོགས་བདེ་པོ། གནས་ཚུལ་མང་པོ་གོ་ཐུབ་ཀྱི་ཡོད་པ་ཡིན་དུས་མང་པོ་ཞིག་གིས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་ཀྱི་འདུག དེ་རིང་འདི་ལའང་ནམ་རྒྱུན་ནས་ཡོང་གི་ཡོད་རེད་ལ་མང་པོ་ཞིག་སླེབས་ཡོད་རེད།
དེ་དང་ཆབས་གཅིག་རྒྱ་གར་རང་གི་ཡུལ་པ་གང་ཙམ་ཡོད་ས་རེད། ཁྱེད་རང་ཚོ་བཅོམ་ལྡན་འདས་རང་གི་འཁྲུངས་ཡུལ། དཔལ་ནལེནྡྲའི་པཎ་གྲུབ་བཅུ་བདུན་ཚང་མ་རྒྱ་གར་བ་རེད། རྒྱ་གར་བ་ཚོ་ལ་ཆ་བཞག་ན་ནལེནྡྲའི་མཁས་པའི་དབང་པོ་ཚོས་མཛད་པའི་རྣམ་དཔྱོད་ཀྱི་ལེགས་བཤད་རྣམས་རྒྱ་གར་རང་གི་རིག་གཞུང་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་རྒྱ་གར་བ་འདིར་ཡོད་པ་རྣམས་སོ་སོའི་ཕ་མེས་ཀྱི་རིག་གནས་གཏིང་ཟབ་ཡོད་པ་འདི་བདག་པོ་རྒྱག་གི་ཡོད་རེད། དེ་ལ་དོ་སྣང་བྱེད་པ་ཧ་ཅང་གི་ཡག་པོ་རེད། ཕ་མེས་ཀྱི་གཅེས་ནོར་ཆགས་ཡོད། དེ་རིང་ཁ་སང་གི་རྒྱ་གར་ནང་ལ་སངས་རྒྱས་པའི་ཆོས་ཡིན་ནའང་འདྲ། སངས་རྒྱས་པའི་ལྟ་གྲུབ་ཡིན་ནའང་འདྲ།
དེ་བཞིན་སངས་རྒྱས་པའི་ཚད་མ་རིག་པའི་སྐོར་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་འདུག འདི་ཧ་ཅང་ཡག་པོ་རེད། རང་ཕ་མེས་ཀྱི་གཅེས་ནོར་དེ་རྣམས་དོ་སྣང་བྱས་ནས་བདག་པོ་བརྒྱབ་གི་ཡོད་རེད། ཧ་ཅང་ཡག་པོ་རེད། དེ་རིང་ཆོས་འབྲེལ་བྱེད་རྒྱུ་དེ་སངས་རྒྱས་པའི་ཆོས་དཔལ་ནལེནྡྲའི་མར་བརྒྱུད་པ་གཙོ་བོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སྲས་ཀྱི་མཐུ་བོ་སློབ་དཔོན་ཨཱརྱ་དེ་བ། ཨཱརྱ་དེ་བའི་གསུང་དབུ་མ་བཞི་བརྒྱ་པའི་བཤད་ལུང་མདོར་བསྡུས་ཤིག་ཞུ་རྒྱུ་དང་། ངོས་ཀྱིས་བཤད་ལུང་ཞུ་ས་ནི་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་སྐུ་མདུན་ནས་གཞུང་ཆེན་བཅུ་གསུམ་ནང་ནས་བྱམས་ཆོས་སྡེ་ལྔ་ངོས་ཀྱིས་ཐོབ་ཚར་བ་རེད། བྱམས་ཆོས་སྡེ་ལྔ་མངོན་རྟོགས་རྒྱན་ནི་གླིང་རིན་པོ་ཆེ་སྐུ་མདུན་ནས་ཞུས་པ་ཡིན། དེ་མིན་གྱི་བྱམས་ཆོས་ལྷག་མ་རྣམས་ནི་རྒན་རིག་འཛིན་བསྟན་པའི་སྐུ་མདུན་ནས་ཞུས་པ་འདྲ། གཞུང་ཆེན་བཅུ་གསུམ་ནང་གི་དབུ་མ་རྩ་བ་ཤེས་རབ། དབུ་མ་རིགས་ཚོགས་དྲུག་དེ་དག་མཚན་ཞབས་རིན་པོ་ཆེའི་སྐུ་མདུན་ནས་ཐེངས་གཅིག་ཐོབ་པ་རེད། རྩ་བ་ཤེས་རབ་འདི་ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་ངོས་ཀྱིས་ཐེངས་གཅིག་ཐོབ་ཡོད། ཁོང་ལེགས་སྦྱར་མཁས་པ་ཡིན་དུས་ལེགས་སྦྱར་གྱི་གཞུང་ནས་ཏོག་ཙམ་གོ་བསྡུར་གནང་ནས་བཤད་པ་གནང་སྟེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་འདུག གཞུང་ཆེན་བཅུ་གསུམ་ནང་གི་བཞི་བརྒྱ་པ་ནི་ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་ངོས་ཀྱིས་ཐོབ་པ་རེད། དེ་རིང་འདིར་རྟེན་འབྲེལ་ཚུལ་དུ་བཞི་བརྒྱ་པའི་མགོ་ལ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་བཞི་བརྒྱ་པའི་འགྲེལ་པ་མགོ་ནས་མར་ཏོག་ཙམ་བཀླག་དགོས་བསམ་པ་དྲན་བྱུང་། ཞེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་ཆོས་འབྲེལ་དབུ་འཛུགས་མཛད།།