༢༠༡༦ ཟླ་ ༡༠ ཚེས་ ༥ རེས་གཟའ་ལྷག་པ།
༄༅། ། ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཕྱི་དྲིལ་ལས་ཁུངས་སུ་དྲིལ་བསྒྲགས་ལས་དོན་ཆེད་དྲུང་ཆེའི་གནས་རིམ་ཚད་མཉམ་ཐོག་དམིགས་བསལ་བསྐོ་གཞག་གནང་བ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༤ རེས་གཟའ་མིག་དམར་ཉིན་ནས་དངོས་སུ་དྲིལ་བསྒྲགས་ལས་ཁུངས་སུ་ལས་འཁུར་དབུ་འཛུགས་གནང་ཡོད། དེ་ཡང་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ནི།
ཕྱི་ལོ་ ༡༩༨༡།༠༩།༢༣ ཉིན་འཁྲུངས་ཤིང་རྡ་ས་བོད་ཕྲུག་ཁྱིམ་སྡེའི་མ་ལག་སློབ་ཁག་ནས་འཛིན་རིམ་ ༡༢ ཐོན་རྗེས་རྒྱ་གར་མ་དྷ་ར་སིའི་གཙུག་ལག་སློབ་གཉེར་ཁང་ནས་འབྲེལ་ལམ་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་དང་། སི་ཁོཌ་ལན་ཌི་ནང་ཡོད་པའི་ཨེ་ཌིན་བྷག་གཙུག་ལག་སློབ་གཉེར་ཁང་ནས་མདུན་ལམ་ལམ་སྟོན་ཐོག་རབ་འབྱམས་པའི་བསླབ་པ་མཐར་སོན། ད་ལྟའི་ཆར་ཨ་རིའི་མེ་སེ་ཆུ་སིཌ་གཙུག་ལག་སློབ་གཉེར་ཁང་ནང་ཆབ་སྲིད་འབྲེལ་ལམ་རིག་པའི་ཐོག་འབུམ་རམས་པའི་སློབ་སྦྱོང་གནང་བཞིན་པ་དང་།
ཕྱི་ལོ་ ༢༠༠༩ ནས་བཟུང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱུན་ལས་ Steering Committee, International Tibet Network ལ་བདམས་ཐོན་བྱུང་རྗེས། ༢༠༡༢ ལོར་རྒྱུན་ལས་ཀྱི་ཚོགས་གཙོར་ Co Chair བདམས་ཐོན་བྱུང་། ཕྱི་ལོ་ ༢༠༡༣ ལོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འགོ་འཛུགས་གནང་བའི་བཙན་བྱོལ་བོད་ཀྱི་བུད་མེད་དང་ཁྲིམས་དོན་ནུས་སྟོབས་གོང་སྤེལ་གྱི་ལས་འཆར་ཚགས་ཚུད་ཡོང་སླད་སློབ་སྟོན་གནང་མུས་ཡིན་ཞིང་། ཕྱི་ལོ་ ༢༠༡༤ ལོར་གསར་འཛུགས་བྱུང་བའི་བོད་རྒྱ་སྨྱུག་གྲོགས་ Tibetan-Chinese PEN Association ཀྱི་དྲུང་ཆེར་བདམས་ཐོན་བྱུང་། བོད་མི་མང་སྤྱི་འཐུས་སྐབས་ ༡༥ དང་ ༡༦ སོ་སོར་དབུས་གཙང་སྤྱི་འཐུས་སུ་བདམས་ཐོན་བྱུང་ཡོད་པ་བཅས།