༢༠༡༦ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ནས་ ༢༤ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་ནང་ཡོད་པའི་བོད་པའི་འབྲིང་རིམ་སློབ་གྲྭ་ཁག་ལྔའི་ནང་ཡར་ཐོན་ཚོང་ལས་དང་འབྲེལ་བའི་སྐོར་ཉིན་གྲངས་ཕྱེད་ཀ་རིང་གི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་འདུག ཐེངས་འདིའི་ཟབ་སྦྱོང་ནང་ཅོན་ཏ་ར་བོད་ཁྱིམ་གྱི་སློབ་ཕྲུག་གྲངས་ ༢༩༩ དང་། སཾ་བྷོ་ཊ་ཅོན་ཏ་རའི་སློབ་ཕྲུག་གྲངས་ ༡༡༠། རྡ་ཤོད་ཁྱིམ་གྱི་སློབ་ཕྲུག་གྲངས་ ༢༠༠། མེས་དབོན་དཔེ་སྟོན་གཙུག་ལག་སློབ་གྲྭའི་སློབ་ཕྲུག་གྲངས་ ༢༩། ར་ཇི་པུར་བོད་ཁྱིམ་གྱི་སློབ་མ་གྲངས་ ༢༡༠ བཅས་ཁྱོན་སློབ་ཕྲུག་གྲངས་ ༨༤༨ ནས་ཟབ་སྦྱོང་རིམ་པ་དང་པོའི་ནང་མཉམ་ཞུགས་གནང་ཡོད།
རིང་མིན་རྒྱ་གར་ནང་གི་བོད་པའི་འབྲིང་རིམ་སློབ་གྲྭ་ཁག་བཅོ་ལྔའི་སློབ་ཕྲུག་གྲངས་ ༡༥༠༠ ཙམ་ལ་འདི་ལྟ་བུའི་ཟབ་སྦྱོང་རིམ་པ་གཉིས་ཙམ་གནང་གཏན་འཁེལ་ཡོད། ཟབ་སྦྱོང་དེའི་དགོས་དམིགས་གཙོ་བོ་ནི། བོད་པའི་སློབ་ཕྲུག་ཁྲོད་ཡར་ཐོན་ཚོང་ལས་དང་འབྲེལ་བའི་གོ་རྟོགས་སྤེལ་རྒྱུ་མ་ཟད། སློབ་ཕྲུག་རྣམས་ཀྱིས་ཡར་ཐོན་ཚོང་ལས་འདི་ཉིད་ཆེད་ལས་ཀྱི་ངོ་བོར་རྩིས་ཏེ་མ་འོངས་མདུན་ལམ་དུ་འདེམས་ཆེད་བློ་སྤོབས་སྤེལ་རྒྱུ་དང་ཀུན་སློང་བསྐྲུན་ཐབས་ཆེད་ཡིན་འདུག
དེ་ཡང་དཔལ་འབྱོར་མཐུན་འགྱུར་གནང་མཁན་གྱི་དགོས་མཁོ་ལྟར། ཟབ་སྦྱོང་མ་སྤྲད་གོང་དང་སྤྲད་ཟིན་རྗེས་སློབ་ཕྲུག་ཚོར་ཟབ་སྦྱོང་ནས་ཕན་ཐོགས་ཇི་བྱུང་ཚོད་ལྟའི་ཆེད་ཡིག་རྒྱུགས་བཏང་བར་གཞིགས་ན། སློབ་ཕྲུག་ཚོས་ཡར་ཐོན་ཚོང་ལས་ཀྱི་གོ་དོན་ཤེས་པའི་ཐོག ཡར་ཐོན་ཚོང་ལས་དང་སྤྱིར་བཏང་ཚོང་ལས་གཉེར་མཁན་དབར་གྱི་ཁྱད་པར་རྟོགས་ཐུབ་ཡོད། ཟབ་ཁྲིད་གནང་མཁན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ནོར་བཟང་ལགས་ཡིན་པ་དང་། ཟབ་སྦྱོང་གི་འབྲེལ་མཐུད་པ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་བསྟན་འཛིན་ལེགས་མཛེས་ལགས་ཡིན་འདུག ཟབ་སྦྱོང་ཆེད་མཐུན་འགྱུར་གནང་མཁན་སུ་ཝི་ཌེན་གྱི་རོགས་ཚོགས་ SOIR-IM ཡིན་འདུག་པ་བཅས།།