༢༠༡༦ ཟླ་ ༡༠ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢ རེས་གཟའ་ཉི་མའི་ཉིན་བཀའ་ཤག་གི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་རྒྱ་གར་རང་བཙན་འཐབ་རྩོད་པ་བདག་ཉིད་ཆེན་པོ་གཱན་ངྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྲིད་སྐྱོང་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུའི་ལས་བྱེད་བཅས་བཀའ་ཤག་མདུན་ཐང་དུ་ལྷན་འཛོམས་ཐོག སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་རྗེས་ཚོགས་བཅར་བ་ཚང་མས་རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར། དེ་རྗེས་སྲིད་སྐྱོང་མཆོག་གིས་མཛད་སྒོ་དང་འབྲེལ་གསར་འགོད་པ་ཚོར་གསུང་དོན། མེས་པོ་དམ་པ་གཱན་དྷི་མཆོག་གི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཛད་སྒོ་སྟབས་བདེ་ཞིག་འཚོགས་བཞིན་ཡོད། གཙོ་ཆེ་ཤོས་རྒྱ་གར་གཞུང་མང་གཉིས་ནི་ང་ཚོར་ཧ་ཅང་བཀའ་དྲིན་ཆེན་པོ་རེད། དེར་བརྟེན་ངོས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཐོག་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་མེས་པོ་དམ་པ་གཱན་དྷི་མཆོག་གི་འཁྲུངས་སྐར་ཡིན་སྟབས་དེ་རིང་གི་ཉིན་མོ་འདི་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན། བདག་ཉིད་ཆེན་པོ་གཱན་དྷི་མཆོག་ནི་འཚེ་མེད་ཞི་བའི་ལམ་ནས་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་དབུ་ཁྲིད་གནང་མཁན་གྱི་མེས་པོ་ཞིག་ཡིན་པ་ཙམ་དུ་མ་ཟད། འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་ལམ་ལྷོངས་ལྡན་པ་ཞིག་བྱུང་ཐུབ་ཡོད། དམ་པ་ཁོང་གི་བསླབ་བྱ་དེ་དག་དེང་སྐབས་སུའང་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ཐོག་ལམ་སྟོན་གྱི་བསླབ་བྱ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོ་བོད་མི་རྣམས་ནས་ཀྱང་ཁོང་གི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད།
ཕྱོགས་མཚུངས་དེ་རིང་གི་ཉིན་མོ་འདིར། དེ་སྔ་ཕྱི་ལོ་ ༢༠༠༧ ཟླ་ ༦ ཚེས་ ༡༥ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོ། ཞེས་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་ཡོད་སྟབས། དེ་རིང་ནི་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོ་ཡང་ཆགས་ཡོད། མེས་པོ་དམ་པ་གཱན་དྷི་མཆོག་གི་ལམ་སྟོན་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་རྩ་དོན་རྩོད་གནང་མཛད་རྒྱུའི་ཐུགས་བཞེད་ལྟར་ང་ཚོ་བོད་མི་ཚོས་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་མུ་མཐུད་རྩ་དོན་རྩོད་རྒྱུར་ཆོད་སེམས་སྙིང་བཅངས་ཐོག གཞིས་ལུས་བོད་མི་ཚོའི་མངོན་འདོད་སྒྲུབ་ཐུབ་པའི་རེ་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།
དེ་བཞིན་སྲིད་སྐྱོང་མཆོག་གིས་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་བཟང་ཤོས་ནི་འཚེ་མེད་ཞི་བ་ཆགས་ཡོད་སྐོར་ནན་བརྗོད་གནང་བ་མ་ཟད། བོད་མི་ཚོས་མུ་མཐུད་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ཡིད་ཆེས་བློ་འགེལ་ཐོག་ནས་ཤར་བསྐྱོད་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད། །