༢༠༡༦ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་དགོང་མོ་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་དང་། སེམས་ཁུར་གནང་མཁན་རྒྱ་རིགས་གྲོགས་པོ་རྣམས་ལ་སྣེ་ལེན་གྱི་འདུ་འཛོམས་གྲ་སྒྲིག་གནང་ཡོད། འདུ་འཛོམས་དེར་རྒྱ་རིགས་ཤེས་ཡོན་ཅན་ཝང་ཅུན་ཐའོ་དང་། ཧུ་ཕིང་། འཛམ་གླིང་ཉིན་ཚགས་ཀྱི་རྩོམ་སྒྲིག་པ་ཝེ་པོ་ཀྲོའུ། དགེ་རྒན་ཆེན་མོ་ཤ་མིང་དང་། མཁས་དབང་ཁཱོང་ཀྲེ་ཀྲུང་། སྦོ་ཤུན་དྲྭ་རྒྱའི་རྩོམ་སྒྲིག་པ་ཝེ་ཧྲེ། སྙན་ངག་པ་ཧོང་ཞང་། དཔྱད་གཏམ་པ་གྲན་ཕོ་ཁུང་། རྩོམ་པ་པོ་ཀྲུའུ་ཞོལ་གཡོན། རྒྱ་ནག་བུད་མེད་ཀྱི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ཀྲང་ཅིན། བོད་པའི་གྲོགས་པོ་རྙིང་པ་ཤོལ་ཝེ། ཁྲིམས་རྩོད་པ་ཤང་ཞའོ་ཅི། སྒྱུ་རྩལ་བ་རོང་ཝེ། དེ་བཞིན་རྒྱ་རིགས་སློབ་ཕྲུག་དང་། ནང་པ་བཅས་ནིའུ་ཡོག་དང་། ནིའུ་འཇར་སི་ཁུལ་ནས་ལས་རིགས་འདྲ་མིན་གྱི་རྒྱ་རིགས་བདུན་ཅུ་ལྷག་ཙམ་ལ་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་། རྒྱ་སྐད་རྒྱ་ཡིག་ཤེས་མཁན་བོད་རིགས་སློབ་ཕྲུག་དང་།
དོན་གཉེར་ཅན་ཁག་ཅིག་བཅས་ཁྱོན་མི་གྲངས་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་ཡོད།
འདུ་འཛོམས་ཀྱི་ཐོག་མར་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་དགའ་བསུའི་གསུང་བཤད་གནང་བ་དང་། ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ཆོས་རྫོང་ལགས་ཀྱིས་རྒྱ་རིགས་གྲོགས་པོ་རྣམས་ལ་འཚམས་འདྲི་གནང་རྗེས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱ་མི་རིགས་དབར་འབྲེལ་བ་དམ་ཟབ་བྱས་ཏེ་ཕན་ཚུན་རྒྱུས་ལོན་ཆེ་རུ་གཏོང་རྒྱུའི་གལ་ཆེའི་རང་བཞིན་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ། སྐུ་ཚབ་དོན་གཅོད་ཁང་གི་ལས་ཀའི་ངོ་བོ་བཅས་ངོ་སྤྲོད་མདོར་བསྡུས་གནང་བ་དང་འབྲེལ་རྒྱ་རིགས་གྲོགས་པོ་ཚོས་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་།
རྒྱ་རིགས་ཀྱི་རྒྱབ་སྐྱོར་ནི་བོད་ཀྱི་དཀའ་རྙོག་སེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། ཁྱེད་ཚོའི་རྒྱབ་སྐྱོར་བརྒྱུད་ནས་རྒྱ་ནག་ནང་གི་རྒྱ་རིགས་ཚོས་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྒྱུར་ཡང་ཕན་ནུས་ཐོན་གྱི་ཡོད་པས་ད་དུང་མུ་མཐུད་རྒྱབ་སྐྱོར་གནང་རོགས། ཞེས་རེ་སྐུལ་ཞུས། རང་རིགས་གཞས་པ་གཞས་མ་དང་། བོད་ཀྱི་ཟློས་གར་གྱི་ཚོགས་མི་ཟུར་པ་ཚོས་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་ལ་རྒྱབ་སྐྱོར་ཆེད་དོན་གཅོད་ཁང་ནས་རེ་སྐུལ་ཞུས་པ་ལྟར་རིན་མེད་ཐོག་རྒྱ་རིགས་གྲོགས་པོ་རྣམས་ལ་བོད་ཀྱི་ཐུང་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གནང་བར་རྒྱ་རིགས་ཚོས་དགའ་མོས་ཆེན་པོ་བྱས། སྐུ་ཞབས་ཝང་ཅུན་ཐའོ་དང་། ཧུ་ཕིང་། གྲན་ཕོ་ཁུང་སོགས་རྒྱ་རིགས་ཀྱི་སྐུ་ཚབ་ཁ་ཤས་ནས་ཀྱང་གསུང་བཤད་མདོར་བསྡུས་གནང་བའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་། ༸གོང་ས་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་གྱི་དགོངས་བཞེད་དང་། རྒྱ་བོད་མི་རིགས་དབར་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུར་སྔ་རྗེས་སྐུལ་འདེད་མཛད་པའི་རླབས་ཆེན་གྱི་མཛད་བཟང་ལ་ཡི་རང་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུས། རྒྱ་རིགས་གྲོགས་པོ་རྙིང་པ་ཤོལ་ཝེ་ནས་རྒྱ་རིགས་ཚོས་དེབ་སྔོན་པོ་བཟོས་ནས་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
རྒྱ་རིགས་རྣམས་ལ་སྣེ་ལེན་གྱི་འདུ་འཛོམས་གོ་སྒྲིག་གནང་དགོས་དོན་ནི། སྔར་ཡོད་འབྲེལ་བ་རྙིང་པ་རྒྱུན་གནས་དང་། འབྲེལ་བ་གསར་པ་གཏོད་རྒྱུ། རྒྱ་རིགས་རྣམས་ལ་སྐུ་ཚབ་དོན་གཅོད་གསར་པ་སྤེན་པ་ཚེ་རིང་མཆོག་ངོ་སྤྲོད་དང་། དོན་གཅོད་མཆོག་ནས་རྒྱ་རིགས་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་བྱེད་ཕྱོགས། དེ་བཞིན་རྒྱ་རིགས་དང་འབྲེལ་ལམ་གནང་རྒྱུའི་གལ་ཆེའི་རང་བཞིན་ངོ་སྤྲོད་གནང་རྒྱུ་བཅས་ཡིན།།