༢༠༡༦ ཟླ་ ༡༠ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་མི་ལན་ནང་རྗེ་ཙོང་ཁ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་སྩལ་འདུག དེ་ཉིན་གྱི་མཛད་འཕྲིན་ཁག་གི་ཐོག་མར་བརྙན་འཕྲིན་ཚན་པའི་ SkyTG 24 གསར་འགོད་པ་སྐུ་ཞབས་པིའོ་ཌི་ཨེ་མི་ལི་ཡ་སི་ Pio d’Emilia ལགས་ཀྱི་དྲི་བར་བཀའ་ལན་སྩལ། དེ་ཡང་སྐབས་དེར་གསར་འགོད་པས་༸གོང་ས་མཆོག་ལ་སྐུའི་འཕྲོད་བཞེས་ཇི་ལྟར་ཡོད་མེད་ཀྱི་དྲི་བར་བཀའ་ལན་སྩལ་དོན། ངོས་རང་བདེ་ཐང་ཡིན། འོན་ཀྱང་ངོས་རང་ལོ་ན་རྒས་འགྲོ་བཞིན་ཡོད་སྟབས་སྐབས་རེ་ཕྱི་དྲོ་ཏོག་ཙམ་ཐང་ཆད་ཀྱི་འདུག རྒྱུན་དུ་ཚན་མོ་གཉིད་ཆུ་ཚོད་བརྒྱད་ནས་དགུ་བར་རག་གི་ཡོད་སྟབས་རྒྱུན་དུ་སྔ་དྲོ་གྲུང་ཤ་དོད་པོ་བྱེད་ནས་ལང་ཐུབ་ཀྱི་འདུག ཅེས་བཀའ་ལན་སྩལ།
དེ་རྗེས་གསར་འགོད་པས་རྒྱ་ནག་སྲིད་གཞུང་གིས་༸གོང་ས་མཆོག་ལ་ཡང་ཡང་ཁ་བྲལ་བ་རེད། ཅེས་མཚན་དམས་དང་སྐྱོན་བརྗོད་ཞུ་བཞིན་པ་དེར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བར་བཀའ་ལན་སྩལ་དོན། རྒྱ་ནག་རང་གི་ཡིག་ཆ་ཁག་གི་ནང་གསལ་ལྟར་ན། ལོ་རྒྱུས་ཐོག་ནས་ཨེ་ཤི་ཡའི་ཁྱོན་དུ་སྟོབས་འབྱོར་མངའ་ཐང་ཆེ་བའི་རྒྱལ་ཁབ་གསུམ་བྱུང་བ་རྣམས་ནི་རྒྱ་ནག་དང་བོད། སོག་པོ་བཅས་ཡིན་པ་དང་། ཕྱི་ལོ་ ༡༩༥༡ ལོར་ང་ཚོས་རྒྱ་ནག་དང་ལྷན་དུ་གྲོས་མཐུན་དོན་ཚན་ ༡༧ ལ་མིང་རྟགས་བཀོད་ཡོད། དེ་ནི་རྒྱ་ནག་གི་ཞིང་ཆེན་སུས་ཀྱང་དེ་སྔ་བྱེད་མྱོང་མེད། ཕྱི་ལོ་ ༡༩༦༠ སྐབས་ང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་གླེང་སློང་ཐུབ་ཡོད་ཀྱང་ནུས་པ་དེ་ཙམ་ཐོན་མེད། ཕྱི་ལོ་ ༡༩༧༠ སྐབས་ནས་ང་ཚོས་སྔ་ཕྱི་མ་གཏོགས་རྒྱ་གཞུང་དང་ལྷན་སྐད་ཆ་བཤད་ནས་དཀའ་ངལ་སེལ་དགོས་པའི་ངེས་པ་རྙེད་རྗེས་ཕྱི་ལོ་ ༡༩༧༤ ལོར་ང་ཚོས། གལ་ཏེ་རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ཆ་རྐྱེན་ཁག་བོད་རིགས་ཡོངས་ལ་ལག་བསྟར་ཐུབ་པ་ཡིན་ན། ང་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མི་རྩོད། ཅེས་ཐག་གཅོད་བྱུང་བ་རེད། ཅེས་བཀའ་ལན་སྩལ།
དེ་རྗེས་གསར་འགོད་པས་༸གོང་ས་མཆོག་བོད་དང་རྒྱ་ནག་ནང་དུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུའི་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། ཕྱི་ལོ་ ༡༩༥༤ སྐབས་ནས་ངོས་རང་རྒྱ་ནག་རི་བོ་རྩེ་ལྔར་ Wu Taishan གནས་མཇལ་དུ་འགྲོ་འདོད་ཡོད་ཚུལ་བརྗོད་པ་ལྟར་དུས་ད་ལྟའང་མཇལ་འདོད་ཡོད། ཅེས་བཀའ་ལན་སྩལ། དེ་རྗེས་གསར་འགོད་པས་རྒྱ་ནག་གི་གནས་སྟངས་ལ་འཛམ་གླིང་གིས་སེམས་ཚབས་བྱེད་དགོས་པ་གཟིགས་མིན་གྱི་དྲི་བར་བཀའ་ལན་སྩལ་དོན།
རྒྱ་ནག་ལྟ་བུར་མཚོན་ན་གནའ་རབས་ལོ་རྒྱུས་ལྡན་པའི་ནང་པའི་རྒྱལ་ཁབ་གཅིག་ཡིན། འོན་ཀྱང་ད་ཆ་གཅིག་བསྡུས་དབང་འཛིན་ལམ་ལུགས་འོག་མི་མང་ཚོར་དངོས་ཡོད་གནས་ཚུལ་ཇི་ཡིན་ཤེས་མ་ཐུབ་པའི་གནས་སྟངས་ནང་ལྷུང་ཡོད། རྒྱ་ནག་གི་དཔོན་རིགས་འགའ་ཤས་དངོས་ཡོད་གནས་ཚུལ་ཐོག་ནས་འགྲོ་མཁན་ཡིན་ཡང་། གཞན་ཁག་གཅིག་མཁྲེགས་འཛིན་གྱི་སྲིད་བྱུས་ལག་བསྟར་བྱེད་ནས་འགྲོ་བཞིན་ཡོད།
ཅེས་བཀའ་ལན་སྩལ་རྗེས་སྲིད་འཛིན་ཞི་ཆིན་ཕིང་གི་སྐོར་ལ་དྲི་བ་ཞུས་པར་༸གོང་ས་མཆོག་གིས། ད་ལྟ་བརྗོད་རྒྱུ་ཁག་པོ་རེད། ཁོང་གི་ནང་མིར་མཚོན་ན་ནང་པ་རེད། ཁོང་གི་ཕ་དམ་པ་ལ་མཚོན་ན་ངོས་རང་གི་ངོ་ཤེས་རེད། པཎ་ཆེན་རིན་པོ་ཆེ་དང་གྲོགས་པོ་རེད། ཅེས་བཀའ་ལན་སྩལ་བ་དང་སྦྲགས་སྲིད་འཛིན་ཞི་ཅིན་ཕིང་གིས་ལྐོག་ཟའི་གནད་དོན་ཐོག་འབད་བརྩོན་ཤུགས་ཆེ་བྱསཔ་དེར་བསྔགས་བརྗོད་མཛད།
དེ་རྗེས་གསར་འགོད་པས་ཉེ་ལམ་གྲོང་ཁྱེར་ཨ་སི་སིར་ཆོས་ལུགས་མཐུན་སྒྲིལ་ལྷན་ཚོགས་སྐབས་༸གོང་ས་མཆོག་མགྲོན་འབོད་མ་ཞུས་པ་དེར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས། ངོས་ཀྱིས་འགོ་ཁྲིད་རྣམས་དང་མཇལ་འཕྲད་ཞུ་རྒྱུ་ལས་མང་ཚོགས་དང་ཐུག་ནས་སྐད་ཆ་ཤོད་རྒྱུ་གལ་ཆེ་བར་བརྩི་བཞིན་ཡོད། གང་ཡིན་བརྗོད་ན་ནུས་པ་ཆེ་བ་ཐོན་ཐུབ། ཅེས་བཀའ་ལན་སྩལ་རྗེས་༸སྐུའི་ཡང་སྲིད་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་ཡོང་དགོས་མིན་ཐད་བོད་མི་རྣམས་ཀྱིས་ཐག་གཅོད་བྱ་རྒྱུ་རེད། ཅེས་སོགས་ཀྱི་བཀའ་ལན་སྩལ། །