༢༠༡༦ ཟླ་ ༡༠ ཚེས་ ༩ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་ལམ་བྷི་ཡའི་ Colombia སྲིད་འཛིན་སྐུ་ཞབས་ཡོན་མེ་ནོལ་སན་ཏོ་སི་ Juan Manuel Santos མཆོག་ལ་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ Nobel Peace Prize ཐོབ་པར་འཚམས་འདྲི་མཛད་པའི་ནང་། སྲིད་འཛིན་མཆོག་ནས་ཆོད་སེམས་བརྟན་པོའི་ཐོག་ལོ་ངོ་ ༥༢ རིང་མི་སེར་ནང་འཁྲུག་གི་རྩོད་རྙོད་འདུམ་འགྲིག་ཡོང་ཐབས་སུ་འབད་བརྩོན་གནང་བ་དེར་བསྔགས་བརྗོད་མཛད་དོན། ཐོག་མའི་འཆར་གྲུབ་འབྲས་སྨིན་རྒྱུའི་རེ་བ་ཧ་ཅང་དཀའ་བར་སྣང་ཡང་སྐུ་ཉིད་ནས་ངལ་བ་ཁྱད་དུ་བསད་ནས་ཀོ་ལམ་བྷི་ཡ་ཡུལ་ནང་ཞི་བདེ་བསྐྲུན་སླད་ཆོད་སེམས་བརྟན་པོས་འབད་བརྩོན་གནང་བར་བརྟེན་ཐེངས་འདིར་གཟེངས་རྟགས་འདི་བརྒྱུད་སྐུ་ཉིད་ཀྱི་འབད་བརྩོན་དེར་ངོས་འཛིན་ཐོབ་པ་ཞིག་ཆགས་ཡོད།
སྐུ་ཉིད་མཆོག་ནས་ཆོད་སེམས་བརྟན་པོས་ནང་ཁུལ་འགྲིག་འཇགས་ཡོང་ཐབས་གནང་བཞིན་པའི་སྐབས་འདིར་འགེགས་བར་ཆད་འཕྲད་ཀྱང་སྙིང་སྟོབས་མ་ཞུམ་པར་མུ་མཐུད་འབད་བརྩོན་གནང་བཞིན་པ་དེས་ངོས་ལའང་བློ་སྤོབས་ཧ་ཅང་སྟེར་བྱུང་། གལ་ཆེ་ཤོས་ནི་གྲུབ་འབྲས་མ་སྨིན་བར་མུ་མཐུད་འབད་བརྩོན་བྱ་རྒྱུ་དེ་རེད།
སྐུ་ཉིད་མཆོག་གིས་གྲོས་མོལ་དང་ཕན་ཚུན་གུས་བཀུར་བསམ་ཤེས་ཐོག་ནས་དཀའ་ངལ་སེལ་དགོས་པའི་ལམ་སྟོན་གནང་བ་དེར་གྲུབ་འབྲས་སྨིན་ནས་ཀོ་ལམ་བྷི་ཡའི་ཡུལ་ནང་ཞི་བདེ་དང་ཡར་རྒྱས་ཀྱི་དུས་རབས་གསར་པ་ཞིག་མགྱོགས་མྱུར་འཆར་ཐུབ་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་ཡོད། ཅེས་འཁོད་འདུག །