ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་ཐེབས་རྩ་ཁང་དང་རྒྱལ་ས་རི་གའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཐུན་མོང་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ལ་ཏི་ཝིའི་རྒྱལ་ས་རི་གའི་ནང་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ཉིན་དང་པོའི་ཆོས་འབྲེལ་གྱི་བར་གསེང་སྐབས་བྷལ་ཊིག་ Baltic States ཁོངས་ཀྱི་རྒྱལ་ཁབ་ཨིས་ཌོ་ནི་ཡ་ Estonia ནས་གྲོས་ཚོགས་འཐུས་མི་གཉིས་དང་། ལི་ཐུའི་ནི་ཡ་ Lithuania ནས་གྲོས་ཚོགས་འཐུས་མི་གསུམ། ལ་ཏི་ཝི་ཡ་ནས་གྲོས་ཚོགས་འཐུས་མི་བཅུ་བཅས་གྲོས་ཚོགས་འཐུས་མི་བཅོ་ལྔ་དང་། དེ་བཞིན་གོང་གསལ་རྒྱལ་ཁབ་ཁག་ནས་བོད་དོན་རྒྱལ་སྐྱོར་བ་རེ་བཅས་དང་ལྷན་དུ་ཉིན་གུང་གི་ལྗགས་སྨིན་ལྷན་བཞེས་མཛད་ཡོད་པ་མ་ཟད། ཧན་གྷ་རི་རྒྱལ་ཡོངས་རྐང་རྩེད་པོ་ལོའི་རུ་ཁག་གི་ཚོགས་མི་ཁག་གཅིག་དང་ལྷན་མཇལ་འཕྲད་མཛད་ཡོད།
སྐབས་དེར་༸གོང་ས་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་མགོན་པོ་གང་ཉིད་མཆོག་གི་རླབས་ཆེན་གྱི་མཛད་འཁུར་གཙོ་བོ་གསུམ་ངོ་སྤྲོད་དང་། གྲོས་ཚོགས་འཐུས་མི་རྣམས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་གསུངས་པ་མ་ཟད། བོད་ནང་གི་དཀའ་ངལ་སྤྱི་དང་། ལྷག་པར་བོད་ཀྱི་ཁོར་ཡུག་ཐོག་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་སུ་་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་མཛད་འདུག །