༢༠༡༦ ཟླ་ ༩ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། སྐབས་ ༩ པའི་ཅོན་ཏ་ར་ནང་ཆེན་ས་འཐུས་དམ་འབུལ་ལེགས་གྲུབ་བྱུང་ཡོད།
བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས་ཕྱི་ལོ་ ༢༠༡༦།༠༩།༢༠ ཉིན་སྦིར་ཅོན་ཏ་ར་ནང་ཆེན་སྐབས་དགུ་པའི་འདེམས་ཐོན་འཐུས་མི་གྲངས་ ༡༡ ནས་འཐུས་མི་ ༠༩ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་པདྨ་འཇིགས་མེད་ལགས་དང་ཚོགས་གཞོན་ཚེ་རིང་ཕུན་ཚོགས་ལགས་བཅས་ཀྱི་ལས་ཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག
ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། ས་གནས་ཁྲིམས་ཞིབ་པས་སྦིར་ཅོན་ཏ་ར་ནང་ཆེན་ས་གནས་སུ་གོང་ཚེས་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་ས་གནས་མི་མང་དང་བོད་ཕྲུག་གཏན་འཇགས་སློབ་གྲྭའི་སློབ་ཕྲུག་ཁག་གཅིག་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཅའ་ཁྲིམས་དགོངས་དོན་མང་གཙོ་ཀ་བ་གསུམ་སོ་སོའི་འགན་དབང་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ། ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་བ་དང། སྐབས་མཚམས་དྲི་བ་ཁག་ལ་ལན་འདེབས་གནང་འདུག་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།