༢༠༡༦ ཟླ་ ༩ ཚེས་ ༩ རེས་གཟའ་པ་སངས།
༄༅། །དེ་སྔ་ས་རཱ་ཐོ་སློབ་ཏུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་ཐོག་པ་རྣམས་དང་གསར་ཞུགས་གནང་མཁན་རྣམས་ལ་དུས་ཡུན་རིང་ཐུང་འདྲ་མིན་ཐོག་ལས་བྱེད་འོས་སྦྱོང་དང་ཟབ་སྦྱོང་ཕུལ་བ་དག་དངོས་སུ་སྲི་ཞུའི་ཕྱག་ལས་གནང་སྐབས་ཕན་ཐོགས་གང་ལེགས་བྱུང་ཡོད་ཅིང་། སྐབས་ ༡༥ པའི་བཀའ་ཤག་གི་དགོངས་གཞི་དང་བསྟུན་ཏེ་ཨ་རི་ (USAID) ལས་གཞིའི་རོགས་སྐྱོར་འོག་ས་རཱ་མཐོ་སློབ་ཏུ་མ་འོངས་བོད་མིའི་སྒྲིག་འཛུགས་མ་ལག་ནང་སྲི་ཞུའི་ལས་བྱེད་ཀྱི་དམིགས་སྒོར་སྔོན་འགྲོའི་འོས་སྦྱོང་ཞིག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ནང་འགོ་འཛུགས་ཀྱིས་ཟླ་དྲུག་རིང་གནང་གཏན་འཁེལ་བ་ཐེངས་དང་པོའི་འོས་སྦྱོང་བའི་ཁོངས་ཕོ་མོ་དབྱེར་མེད་མི་གྲངས་ ༣༠ ཡིག་རྒྱུགས་ཀྱི་ལམ་ནས་གསར་བསྡུ་བྱ་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
སྔོན་འགྲོའི་འོས་སྦྱོང་འཛུལ་ཞུགས་ཀྱི་ཆ་རྐྱེན་གཤམ་གསལ།
༡༽ རང་ལོ་ ༣༥ ནས་མ་བརྒལ་བ།
༢༽ ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་དང་ཚད་མཉམ་སློབ་ཐོན་ལག་འཁྱེར་ཡོད་པ།
༣༽ དྭང་བླངས་དཔྱ་དངུལ་འབུལ་འབབ་ ༢༠༡༦།༣།༣༡ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས་འབུལ་དགོས།
༤༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ (RC) དུས་འགྱངས་ཡོད་པའི་ངོ་བཤུས་དགོས་ཀྱང་། བལ་ཡུལ་དང་འབྲུག་ཁུལ་གྱི་སྐྱབས་བཅོལ་བོད་མི་ཚོར་ས་འགོ་ལས་ཁུངས་ནས་རྒྱབ་གཉེར་ཡོད་ཚེ་སྐྱབས་བཅོལ་ལག་འཁྱེར་གྱི་ངོ་བཤུས་མེད་ན་འཐུས་རྒྱུ།
༥༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས་བཅས་ཚང་དགོས།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་སྲི་ཞུའི་ལས་བྱེད་ཟུང་དྲུང་གནས་རིམ་ཡན་སུ་རུང་ཞིག་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༠༨ ཕྱི་དྲོ་ཆུ་ཚོད་ ༥།༠༠ འགྱངས་མེད་རང་ཁྱིམ་ཁ་བྱང་དང་། ཁ་པར་ཨང་། གློག་འཕྲིན་ (Email) སོགས་ཁ་གསལ་བཀོད་དེ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གཤམ་གསལ་ཁ་བྱང་ཐོག་སོ་སོའི་འཚང་སྙན་དང་མཉམ་དུ་འབུལ་དགོས། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན།
ཟུར་མཆནཿ ས་རཱ་མཐོ་སློབ་ནས་སྔོན་འགྲོའི་ཚུད་རྒྱུགས་ ༢༠༡༦ ཟླ་ ༡༠ ཚེས་ ༢༠ ནས་གནང་གཏན་འཁེལ་ཡོད་པས། དུས་ཐོག་འཚང་སྙན་འབྱོར་རིགས་རྣམས་ལ་ས་རཱ་མཐོ་སློབ་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་རྣམས་ལ་ཚུད་རྒྱུགས་ཆེད་འབོད་བརྡ་གཏོང་རྒྱུ་ཡིན་ན་དེ་རིགས་ནས་སྐབས་བསྟུན་ལག་འཁྱེར་སོགས་ཀྱི་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་འབྱོར་ཐོ་འགོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས་ ༢༠༡༦ ཟླ་ ༩ ཚེས་ ༠༩ ལ།།
The Principal
College for Higher Tibetan Studies
Sarah,
Dharamsala
Distt. Kangra, H.P. – 176213
Phone: +91-98-05-914071
Email: [email protected]