༢༠༡༦ ཟླ་ ༩ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕ་རན་སིའི་སི་ཊ་སི་བྷག་གྲོང་ཁྱེར་ནང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Martin Schultz མཆོག་དང་ལྷན་མཇལ་འཕྲད་མཛད་ཡོད། དེ་རྗེས་༸གོང་ས་མཆོག་དབུ་བཞུགས་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Elmar Brok མཆོག་གིས་གཙོས་ཚོགས་མི་རྣམས་དང་ལྷན་མཇལ་འཕྲད་ཀྱིས་བཀའ་སློབ་སྩལ་དོན།
སྤུན་ཟླ་ཕོ་མོ་ཚོ་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པར་བརྟེན་ང་ཚོའི་བར་ཁྱད་པར་གང་ཡང་མེད། ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་གི་ཁོངས་སུ་གཏོགས་ཡོད། ངོས་རང་དེ་རིང་འདིར་ཡོང་སྟེ་ཁྱེད་རང་ཚོ་ཐུག་རྒྱུའི་གོ་སྐབས་བྱུང་བར་ཆེས་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། ངོས་ནི་ཡུ་རོབ་སྤྱི་མཐུན་གྱི་སྙིང་སྟོབས་ལ་ཡི་རང་བསྔགས་བརྗོད་ཞུ་མཁན་ཞིག་ཡིན། བོད་ནང་འཕྲད་བཞིན་པའི་ང་ཚོའི་དཀའ་ངལ་དང་འབྲེལ་ནས་ཞུ་ན། ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་རྩོད་ཀྱི་མེད། འོན་ཀྱང་ཏང་ཡོན་འགོ་ཁྲིད་ཁྲོད་མཁྲེགས་འཛིན་ཅན་ཚོས་བོད་མི་ཚོས་རྒྱ་ནག་དང་ཁ་བྲལ་རྩོད་བཞིན་ཡོད་པའི་འཁྱོག་བཤད་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ངོས་ཀྱིས་རྒས་ཡོལ་ཆ་ཚང་ཞུས་ཏེ་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲད་ཟིན་པ་ཡིན། ངོས་རང་ད་ལྟ་ལོ་ ༨༡ ལ་སླེབས་ཡོད། ངོས་ཀྱི་ངོ་ཤེས་གྲོགས་པོ་ཁག་གཅིག་གིས་ངོས་རང་ད་དུང་ཡང་གཞོན་ཤ་དད་པོ་ཡོང་རྒྱུའི་རྒྱུ་རྐྱེན་གང་ཡིན་སྐོར་འདྲི་སྐབས། ངོས་ཀྱིས་ནང་སེམས་ཀྱི་ཞི་བདེ་དང་འགྲོ་བ་མིའི་རྒྱུད་ལ་ཡོད་པའི་བློ་མ་རུང་པ་དེ་དག་འགོག་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་ཀྱི་ཡོད། གཞི་རྩའི་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་སྟབས། འགྲོ་བ་མི་ལ་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ནུས་པ་ཡང་ཡོད། ངོས་ཀྱིས་འཛམ་གླིང་གི་ཞི་བདེ་ནི་ནང་སེམས་ཀྱི་ཞི་བདེ་གཞི་རྩར་བཞག་པའི་ཐོག་ནས་བསྐྲུན་ཐུབ་རྒྱུར་ཡིད་ཆེས་བྱེད་བཞིན་ཡོད། ཅེས་དང་། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་སྐུའི་མཛད་འགན་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་སྩལ་རྗེས་ཚོགས་བཅར་བའི་དྲི་བར་བཀའ་ལན་སྩལ་ཡོད། དེ་ནས་༸གོང་ས་མཆོག་གིས་ཡུ་རོབ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ Thorbjørn Jagland མཆོག་དང་། ཡུ་རོབ་ལྷན་ཚོགས་ཀྱི་གྲོས་ཚོགས་འཐུས་མིའི་ཚོགས་གཙོ་ Pedro Agramunt མཆོག་དང་ལྷན་མཇལ་འཕྲད་མཛད་གྲུབ་མཚམས།
ཡུ་རོབ་ལྷན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་མི་རྣམས་དང་ལྷན་མཇལ་འཕྲད་མཛད་སྐབས་༸གོང་ས་མཆོག་གིས་གང་ཉིད་མཆོག་གི་སྐུའི་མཛད་ཁུར་གཙོ་བོ་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དང་། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་སོགས་ཀྱི་སྐོར་བཀའ་སློབ་སྩལ་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་ཡུ་རོབ་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོར་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་བར་བོད་མི་ས་ཡ་དྲུག་གི་ཚབ་མཛད་དེ་ཐུགས་རྗེ་ཆེ་ཞུས་ཡོད།
དེ་ནས་༸གོང་ས་མཆོག་སི་ཊ་སི་བྷག་གྲོང་ཁྱེར་གྱི་ཚོགས་ཁང་ནང་༸ཞབས་སོར་འཁོད་སྐབས་བོད་མི་རྣམས་ཀྱིས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་ཞུས་ཡོད་པ་དང་། དེ་ནས་གྲོང་སྡེའི་སྤྱི་ཁྱབ་པ་Mayor Roland Ries སྟེང་ཞལ་རྣམ་གཉིས་ཀྱིས་མགོན་པོ་གང་ཉིད་མཆོག་ཚོགས་ཁང་ནང་གདན་ཞུ་གནང་ཡོད། སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པས་གོང་ས་མཆོག་ལ་ Marcel Rudloff Tolerance Prize ཞེས་པའི་གཟེངས་རྟགས་འབུལ་ལམ་ཞུས་གྲུབ་བསྟུན། གྲོང་སྡེའི་སྤྱི་ཁྱབ་པས་གོ་སྒྲིག་གནང་བའི་ཉིན་གུང་གསོལ་ཚིགས་ཐོག་གདན་ཞུས་ལྟར་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམས་དང་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད། དེ་ནས་མགོན་པོ་གང་ཉིད་མཆོག་གིས་Strasbourg Convention དུ་སློབ་ཕྲུག་གྲངས་ ༩༠༠ དང་མང་ཚོགས་ ༡༡༠༠ ཙམ་ལ་བཀའ་སློབ་སྩལ་སྐབས་དུས་རབས་ ༢༠ དེ་འདས་ཟིན་པ་ཡིན་སྟབས་འགྱུར་བཅོས་གཏོང་ཐབས་མེད་པ་དང་། དུས་རབས་ ༢༡ དེ་གང་འདྲ་ཞིག་བཟོ་མིན་གཞོན་སྐྱེས་ཚོར་འགན་འཁྲི་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༡༦ ཉིན་༸གོང་ས་མཆོག་ཚན་རིག་གི་ལྷན་ཚོགས་ཤིག་གི་ཐོག་དབུ་བཞུགས་མཛད་ཡོད་པ་བཅས།།