༢༠༡༦ ཟླ་ ༩ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །འདི་གར་ལྡི་ལི་བསམ་ཡས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་འབངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ ༥༦ འཁོར་བའི་གཞུང་འབྲེལ་དུས་ཆེན་མཛད་སྒོ་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་གཞིས་སྒར་བསམ་ཡས་གླིང་ཁྱབ་ཁོངས་དང་། ལ་དྭགས་རྡ་རམ་ས་ལ། ལྡི་ལི་ཁུལ་དུ་གནས་སྡོད་བོད་རིགས་སེར་སྐྱ་མི་མང་རྣམས་རང་ལུགས་གཟབ་མཆོར་སྤྲས་ཏེ་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ་མདུན་ཐང་དུ་འདུ་འཛོམས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་བཞེད་ལྷུན་གྱི་འགྲུབ་པ་དང་། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་བསངས་གསོལ་བཏང་བ་དང་ཆབས་ཅིག་ལྷ་རྒྱལ་འཐེན། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སློབ་གྲྭའི་ཚོགས་ཁང་ནས་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་བསྟུན། སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་། ས་གནས་འགོ་འཛིན། ལས་བྱེད་རྣམ་པ། གཞུང་དང་གཞུང་འབྲེལ་མིནཔའི་ཚོགས་པ་ཁག་གི་ཚོགས་གཙོས་གཙོས་ཚོགས་མི་རྣམ་པ་དང་མི་མང་བཅས་ནས་རིམ་བཞིན་རྟེན་འབྱུང་མཇལ་དར་སྒྲོན་འབུལ་དང་ཆབས་ཅིག སློབ་ཕྲུག་རྣམས་ནས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་མང་གཙོའི་གླུ་དབྱངས་འབུལ་ལམ་ཞུས། དེ་རྗེས་རྒྱ་གཞུང་གི་གདུག་རྩུབ་བཙན་གནོན་འོག་བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་འདས་གསོན་སྤྱི་དང་། ཡང་སྒོས་བཙོན་ཁང་ནང་དཀའ་སྡུག་མྱངས་དང་མྱོང་མུས་ཡིན་པའི་རྒྱལ་གཅེས་ཆབ་སྲིད་བཙོན་པ་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་སླད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་བསྟུན། ས་གནས་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་ཀྱིས་ཕེབས་བསུའི་འཚམས་འདྲི་དང་འབྲེལ་མང་གཙོའི་ངོ་བོ་ཚད་ལྡན་འབྲེལ་བརྗོད་དང་། མི་མང་ནས་དམངས་གཙོའི་ཐོབ་ཐང་ཚད་ལྡན་ཞིག་ལས་མང་གཙོ་ཁ་འཁྱེར་བྱས་ནས་བེད་སྤྱོད་ལོག་པ་བཏང་མ་རུང་བ་སྐོར་སོགས་གསུངས།
དེ་རྗེས་རྩིས་པ་ཀུན་དགའ་རྣམ་སྒྲོལ་ལགས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བསྟུན། ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་དཔལ་ལྡན་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག བདོ་མི་རྣམས་ཀྱིས་བཟང་སྤྱོད་ལྡན་པའི་ཐོག་ནས་མང་གཙོའི་ཁེ་དབང་ལ་ལོངས་སུ་སྤྱོད་ཐུབ་པ་དགོས་རྒྱུ་དང་། བཙན་བྱོལ་བོད་མི་རྣམས་རྒྱ་གར་གཞུང་གི་ཡུལ་ཁྲིམས་དང་མཐུན་པར་སྒོ་གསུམ་གྱི་ཀུན་སྤྱོད་ཚུལ་དང་ལྡན་པ་ཞིག་གནང་དགོས་པ་གལ་ཆེ་ཚུལ་དང་། དེ་བཞིན་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རྣམས་ལ་དོན་གཅོད་མཆོག་ནས་མཐའ་གཅིག་ཏུ་གདོང་ལེན་གནང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་རྒྱ་གར་དཔོན་རིགས་རྣམ་པས་བཙན་བྱོལ་བོད་མི་རྣམས་ནས་སོ་སོའི་ཆོས་དང་རིག་གཞུང་རྩ་འཛིན་བྱེད་དགོས་གལ་དང་། རྒྱ་གར་གཞུང་ནས་རྒྱུན་དུ་བོད་དོན་ཐོག་རྒྱབ་སྐྱོར་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་སྐུ་མགྲོན་རྒྱ་གར་བདོ་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁེར་མེད་ལགས་ཀྱིས་བཙན་བྱོལ་ནང་བོད་པ་ཡིན་པའི་ངོ་བོ་དེ་རྒྱུན་དུ་གཅེས་འཛིན་དགོས་པ་དང་། རྒྱ་གར་ཡུལ་མི་ཚོས་བོད་དོན་ཐོག་དུས་རྟག་ཏུ་རྒྱབ་སྐྱོར་གནང་བཞིན་ཡོད་སྐོར་གྱི་གསུང་བཤད་གནང་ཡོད། དེ་ནས་བོད་ཁྱིམ་ཉིན་སློབདང་། བོད་ཁྱིམ་སྡོད་ཁང་། བུད་མེད་ལྷན་ཚོགས། བྷུཏ་ཝི་ཧར་ཁུལ་གྱི་མི་མང་། ཚོགས་སྡེ་ཁག་ནས་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་ཡོད། དེ་རྗེས་གཞིས་སྒར་བརྒྱ་དཔོན་དཀར་རྟེན་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། ཕྱོགས་མཚུངས་བརྒྱ་འཐུས་ལས་ཁུངས་ནས་སྐུ་མགྲོན་རྣམ་པ་དང་། མི་མང་ཡོངས་ལ་ཉིན་གུང་ཞལ་ལག་སྟབས་བདེ་ཞིག་ཕུལ་ཡོད།
གཞན་ཡང་གོང་ཚེས་ཉིན་སྤོན་ཊ་ཆོལ་