ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནང་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༢ རེས་གཟའ་ཟླ་བའི་ཕྱེད་ཡོལ་ཆུ་ཚོད་ ༣ ཙམ་ལ་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་འཕགས་བོད་འབྲེལ་མཐུད་ལས་ཁང་། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཅས་ཀྱིས་གོ་སྒྲིག་གནང་སྟེ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་གྲོང་འཁྱེར་ཀོ་ཛི་ཀོ་ཌི་འམ་ཡང་ན་ཀ་ལི་ཀ་ཌ་ཞེས་པའི་གྲོང་ཁྱེར་གྱི་མ་ལ་སྦར་གསོལ་མགྲོན་ཁང་ Malabar palace དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ National Convener, Core Group for Tibetan Cause ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ R.K.Khrimey མཆོག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ལྷོ་ཕྱོགས་ཁུལ་གྱི་འབྲེལ་མཐུད་པ་སྐུ་ཞབས་ཇ་ཡ་པྲ་ཀཤཨུར་སུ་ Jayaprakash Urs ལགས། ཀ་ལི་ཀཌ་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ནུབ་ཨ་ནནྡཱ་ཡོ་གི་ Dr Anoop Ananda Yogi ལགས་དང་། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་དྲུང་གཞོན་བཀྲ་ཤིས་ཕུན་ཚོགས་ལགས་བཅས་དབུ་བཞུགས་ཐོག་རྒྱ་གར་བཀའ་དྲིན་ཆེ། ཞེས་པའི་ལས་འགུལ་ཉིན་གཉིས་པའི་སྐབས། ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་ལས་བྱེད་དཔལ་ལྡན་ལགས་ཀྱིས་གོ་ལ་སྤྱི་ལ་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད། Global Significance of the Tibetan Plateau ཅེས་པའི་བརྗོད་གཞིའི་སྐོར་གསུང་བཤད་གནང་སྐབས། བོད་ནི་འཛམ་གླིང་གྱི་སྣེ་གསུམ་པར་ངོས་འཛིན་བྱེད་བཞིན་ཡོད་སྟབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱ་ཧ་ཅང་གལ་ཆེ་ཡིན་པ་དང་།
དེང་སྐབས་རྒྱ་ནག་གཞུང་གིས་མཐོ་སྒང་བོད་ཀྱི་ས་ཁུལ་དུ་ཆུ་མཛོད་ཧ་ཅང་མང་པོ་བརྒྱབ་པ་དང་བོད་ཀྱི་རྒྱུག་ཆུ་རྣམས་ཁ་བསྒྱུར་བྱས་ནས་རྒྱ་གར་དང་སྦར་མ། སྦང་ལ་དེ་ཤི་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དཀལ་ངལ་འཕྲད་བཞིན་ཡོད་པ། བོད་ནང་ཁོར་ཡུག་གཏོར་བཤིག་ཚབས་ཆེ་ཕོག་རྐྱེན་བོད་ཀྱི་གཏན་ཁྱགས་ཆགས་རིམ་བཞུ་ནས་ཨེ་ཤི་ཡའི་རྒྱལ་ཁབ་ཐེར་འབུམ་མང་པོར་དཀའ་ངལ་བཟོ་བཞིན་ཡོད་པ། བོད་ནི་ཨེ་ཤི་ཡའི་ཆུ་མཛོད་ལྟ་བུ་ཡིན་སྟབས། བོད་ཀྱི་ཁྱགས་རོམ་རྣམས་ཧ་ཅང་མྱུར་ཚད་མཐོ་བོས་ཞུ་བཞིན་ཡོད་པ་དེས་འབྱུང་འགྱུར་རྒྱལ་ཁབ་ཕན་ཚུན་དབར་ཆུའི་དོན་དུ་དམག་འཁྲུག་ཤོར་སྲིད་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་བསྟན་འཛིན་བདེ་གསལ་ལགས་ཀྱིས་མི་སེར་སྤེལ་བའི་ལམ་ལུགས་མཇུག་སྒྲིལ་རྗེས་དེ་སྔ་ཨིན་ཇི་སོགས་ཀྱི་དབང་སྒྱུར་འོག་ཡོད་པའི་རྒྱལ་ཁབ་ཁག་གཅིག་ལ་རང་བཙན་ཐོབ་ནས་རྒྱལ་ཁབ་དེ་དག་གིས་རང་ལས་སྟོབས་ཤུགས་ཆུང་བའི་རྒྱལ་ཁབ་ཁག་ལ་མི་སེར་སྤེལ་བའི་ལམ་ལུགས་ལག་བསྟར་བྱེད་ཚུལ་དང་། རྒྱུད་རིམ་དེའི་ཁྲོད་བོད་ལའང་མི་སེར་སྤེལ་བའི་ལམ་ལུགས་ཀྱི་ཤུགས་རྐྱེན་འོག་དེང་སྐབས་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་དཀའ་སྡུག་མྱོང་བཞིན་ཡོད་སྐོར་སོགས་དང་། མི་སེར་སྤེལ་བའི་ལམ་ལུགས་སྐབས་རྒྱལ་ཁབ་ཀྱི་ས་ཁྲ་བཟོ་སྟངས་ཀྱི་དམིགས་ཡུལ་དང་དགོས་མཁོ་སོགས་ཞིབ་ཕྲ་གསལ་བཤད་གནང་བ་མ་ཟད། བོད་དུ་ས་ཁྲ་བཟོ་རྒྱུའི་ལུགས་སྲོལ་དར་ཁྱབ་བྱུང་ཚུལ་སྐོར་ Cartonography & colonialism,carving Tibet in post colonial world འགྲེལ་བརྗོད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་རིན་ཆེན་མཁའ་འགྲོ་ཁིར་མེ་མཆོག་གིས་གསུང་བཤད་གནང་དོན། བོད་ལ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་ཉེར་ལེན་ལ་བརྟེན་ནས་ལོ་རྒྱུས་ཐོག་རྒྱ་གར་དང་རྒྱ་ནག་དབར་བར་ཞུགས་རྒྱལ་ཁབ་བོད་དེ་རྒྱ་ནག་གི་དབང་དུ་ཚུད་ནས་རྒྱ་དཀར་ནག་གཉིས་དེ་སྔ་ས་འབྲེལ་མེད་ཀྱང་ད་ཆ་ས་མཚམས་ཀྱི་རྩོད་རྙོག་འདི་ལྟ་བུ་བྱུང་བ་རེད། ང་ཚོས་རྒྱ་དཀར་ནག་གི་ས་མཚམས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ན་བོད་ཀྱི་གནད་དོན་གསལ་ཆེད་རྒྱབ་སྐྱོར་བྱེད་དགོས། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རྒྱ་གར་རང་གི་ཁེ་ཕན་ཆེད་དུ་ཡིན།
རྒྱ་དཀར་ནག་གི་ས་མཚམས་ཀྱི་རྙོག་གྲ་ལ་བརྟེན་ནས་ཡུལ་གཉིས་པོས་ས་མཚམས་སྲུང་སྐྱོབ་ཆེད་འགྲོ་སོང་ཧ་ཅང་ཕོན་ཆེ་གཏོང་བཞིན་ཡོད། གལ་ཏེ་བོད་མི་ཚོར་བདེན་པའི་མཐའ་གསལ་ཐུབ་ཚེ་རྒྱ་གར་དང་བོད་གཉིས་དབར་ས་མཚམས་ཆེད་འགྲོ་སོང་དེ་འདྲ་བཏང་དགོས་རྩ་བ་ནས་ཆགས་ཀྱི་མ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།
མཛད་སྒོ་གྲོལ་རྗེས་བོད་ཁྱིམ་སློབ་མ་རྣམས་ཀྱིས་མཚོ་མཐར་སྡིངས་ཆའི་ཐོག་མང་ཚོགས་ལ་བོད་དོན་གཏམ་བཤད་དང་གཞས་སྣ་འཁྲབ་སྟོན་ཞུས། གཞན་ཡང་མཛད་སྒོ་ཉིན་དང་པོའི་སྐབས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་དངོས་བྱུང་གློག་བརྙན་བསྟན་པ་མ་ཟད། དེ་རིང་ཉིན་གཉིས་པའི་སྐབས་བོད་ནས་བྲོས་བྱོལ་དུ་ཡོང་བ་ Escape from Tibet ཞེས་པ་བསྟན་ཡོད་པ་བཅས།།