༢༠༡༦ ཟླ་ ༩ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༤ ཉིན་ཧར་པ་སྤུར་འདོད་རྒུ་གཡུ་རྒྱལ་གླིང་གི་སྐབས་བརྒྱད་པའི་འདེམས་ཐོན་འཐུས་མི་གྲངས་ ༡༡ ནས་འཐུས་མི་ ༡༠ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་ཚེ་རིང་དབང་མོ་ལགས་དང་ཚོགས་གཞོན་ཐུབ་བསྟན་ཀླུ་གྲུབ་ལགས་བཅས་ཀྱི་ལས་ཁུར་དམ་བཅའ་བླངས་འདུག་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༥ ཉིན་རྡ་རམ་ས་ལ་ས་འཐུས་སྐབས་བརྒྱད་པའི་ཚབ་གསར་ཚོགས་གཙོ་ཚེ་རིང་དབྱངས་འཛོམས་ལགས་དང་ཚབ་གསར་ཚོགས་གཞོན་བློ་བཟང་ཚེ་རིང་ལགས་གཉིས་ནས་ལས་ཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག
ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པས་ཧར་པ་སྤུར་ས་གནས་སུ་གོང་ཚེས་ཉིན་རྒྱབ་ཆུ་ཚོད་ ༢།༠༠ དང་། ཕྱི་ཟླ་ ༨ ཚེས་ ༢༥ དང་ཚེས་ ༢༦ ཉིན་གཉིས་རིང་རྡ་རམ་ས་ལ། དཔེ་སྟོན་སློབ་གྲྭ རྡ་ཤོད་བོད་ཁྱིམ་སློབ་གྲྭ ནོར་གླིང་མཐོ་སློབ་བཅས་སོ་སོར་ས་གནས་མི་མང་དང་། སློབ་ཕྲུག་དགེ་ལས་རྣམ་པ་ཚང་འཛོམས་ཐོག་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཅའ་ཁྲིམས་དགོངས་དོན་མང་གཙོ་ཀ་བ་གསུམ་སོ་སོའི་འགན་དབང་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ། ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་བ་དང། སྐབས་མཚམས་དྲི་བ་ཁག་ལ་ལན་འདེབས་གནང་འདུག་པ་བཅས། །