༢༠༡༦ ཟླ་ ༩ ཚེས་ ༢ རེས་གཟའ་པ་སངས།
༈ མང་གཙོའི་དུས་ཆེན་ཐེངས་ལྔ་བཅུ་ང་དྲུག་པའི་ཐོག་བཀའ་ཤག་གི་གསུང་བཤད།
༄༅། །བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༦ འཁོར་བའི་དུས་ཆེན་གྱི་ཉིན་མོར་བཀའ་ཤག་ནས་བོད་མིའི་མང་གཙོའི་ལམ་ལུགས་སྲོལ་གཏོད་མཛད་མཁན་བོད་མི་རིགས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད། འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གུས་ཕྱག་དང་བཅས་ཏེ། གཞིས་བྱེས་བོད་མི་ཡོངས་དང་། བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱིས་རོགས་ཕན་གནང་མཁན་གྱི་སྲིད་གཞུང་དང་གྲོས་ཚོགས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག དེ་བཞིན་རྒྱལ་སྤྱིའི་མང་ཚོགས་དང་བཅས་པར་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།
རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་མ་བྱས་པའི་སྔ་རོལ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་དེང་རབས་ཅན་དུ་བསྒྱུར་རྒྱུའི་དགོངས་བཞེད་ཡོད་པ་བཞིན་ལེགས་བཅོས་ལས་ཁུངས་སོགས་གསར་འཛུགས་གནང་ཡང་། འགལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཇི་བཞིན་ཕྱག་ལེན་དུ་འཁེལ་བ་མ་བྱུང་རུང་། བཙན་བྱོལ་དུ་༸ཞབས་སོར་འཁོད་མ་ཐག་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་བསྒྱུར་གནང་མཛད་པ་དང་། ཆོལ་གསུམ་བོད་མི་ཡོངས་ནས་ཆིག་སྒྲིལ་བྱེད་དགོས་པ་གནས་མཆོག་རྡོ་རྗེ་གདན་སོགས་སུ་བཀའ་སློབ་རིམ་པ་ཕེབས་ཡོད།
དཔེར་ན། ཕྱི་ལོ་ ༡༩༦༠ ཟླ་ ༧ ཚེས་ ༡ ཉིན་ཌལ་ཧའོ་སིར་མང་ཚོགས་ལ་བཀའ་སློབ་སྩལ་བའི་ནང་། བོད་མི་རྣམས་ནས་ཆོལ་ཁ་དང་། ལུང་ཚན། རིགས་རུས་སོགས་ཀྱི་འཐེན་ཁྱེར་དང་དབྱེ་བ་མེད་པར་ང་བོད་པ་ཡིན་བསམ་པའི་ཐོག་ནས་བོད་མིའི་འཐབ་རྩོད་ཐོག་མཐུན་བསྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་པའི་བཀའ་ནན་ཕེབས་པ་དང་། ཕྱི་ལོ་ ༡༩༦༠ ལོའི་དེ་རིང་གི་ཉིན་མོར་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་སྤྱི་འཐུས་འོས་ཐོན་བསྐོ་གཞག་བྱུང་བ་རྣམས་ཀྱིས་ལས་ཁུར་འགོ་འཛུགས་ཞུས་ཏེ་བོད་མིའི་མང་གཙོའི་ལམ་བཟང་དབུ་བརྙེས་ཡོད་པ་དང། དེ་ནས་བཟུང་མུ་མཐུད་ཡར་རྒྱས་ཀྱིས་ད་ལྟའི་ཆར་མང་གཙོའི་ཆ་ལག་ཡོངས་སུ་ཚང་བའི་སྒྲིག་འཛུགས་ཤིག་ཏུ་གྱུར་ཡོད།
དེ་ཡང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པའི་ནང་མང་གཙོའི་ལྟ་གྲུབ་དང་མཐུན་པ་ཡོང་ཆེད། ༸གོང་ས་མཆོག་རང་ཉིད་ཀྱི་སྐུ་དབང་ཕྱིར་བསྡུ་གནང་རྒྱུའི་ཆ་རྐྱེན་ཚུན་འཇོག་གནང་མཛད་ཡོད། དེ་མཚུངས་སྤྱི་ལྷན་སྐབས་གཉིས་པ་ནས་བུད་མེད་སྤྱི་འཐུས་དང་སྐབས་དྲུག་པ་ནས་གཡུང་དྲུང་བོན་གྱི་སྤྱི་འཐུས་འོས་འདེམས་གནང་འགོ་ཚུགས། ཕྱི་ལོ་ ༡༩༩༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱི་འཐུས་ཀྱི་གྲངས་འབོར་མང་དུ་བཏང་བ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བཀའ་འཁྲོལ་སྩལ་ཉིན་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་བཞིན་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཏུ་བསྒྱུར་གནང་མཛད་ཅིང་། མང་གཙོའི་རིང་ལུགས་ཀྱི་རྨང་གཞིའི་ཁྲིམས་སྒྲིག་ཁག་སྲ་བརྟན་བྱུང་སྟེ་མང་གཙོའི་ཀ་བ་གསུམ་སོ་སོའི་འགན་དབང་ཆ་བགོས་ཀྱི་ལམ་སྲོལ་ཕྲ་ཚུགས་ཐུབ་པ་བྱུང་ཡོད།
དེ་རྗེས་ཕྱི་ལོ་ ༢༠༠༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་རྒྱུའི་ལམ་ལུགས་གཏོད་གནང་མཛད་པ་དང། ལྷག་དོན་བོད་མི་རིགས་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་དགོངས་པ་བཞེས་ཏེ། ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་ཡོད། བོད་མི་རྣམས་ནས་ཀྱང་༸རྒྱལ་བའི་དགོངས་པ་བཞིན་འོས་བསྡུའི་ལས་རིམ་ལ་དོ་སྣང་ཆེན་པོ་བྱས་ཏེ་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པའི་འོས་བསྡུར་དངོས་སུ་འོས་འཕེན་པ་གྲངས་ ༣༥༡༨༤ དང་། ཕྱི་ལོ་ ༢༠༠༦ ལོར་གྲངས་ ༣༢༢༠༥། ཕྱི་ལོ་ ༢༠༡༡ ལོར་གྲངས་ ༤༩༡༨༤ བཅས་སོ་སོ་དང་། ཕྱི་ལོ་ ༢༠༡༦ ལོར་སྲིད་སྐྱོང་གི་འོས་བསྡུར་འོས་འཕེན་པ་གྲངས་ ༥༨༧༤༢ བྱུང་བ་བཅས་ཆ་ཤས་ལེན་ཤུགས་ཇེ་ཆེར་སོང་ཡོད་པ་ནི་ལེགས་བརྗོད་ཞུ་འོས་པ་ཞིག་རེད། འོན་ཀྱང་ཉེ་སྔོན་འོས་བསྡུ་ཆེན་མོའི་སྐབས་ནང་ཁུལ་སྐྱོན་བརྗོད་དང་ཆོལ་ཁའི་འཐེན་འཁྱེར་བྱས་པ་སོགས་བློ་ཕམ་དང་སེམས་འཚབ་འབྱུང་གཞིའི་སྐྱོན་ཆའང་ཅི་ཆེ་བྱུང་ཡོད་སྟབས། འདི་ལོའི་འཁྲུངས་སྐར་དུས་ཆེན་གྱི་བཀའ་ཤག་གི་གསུང་བཤད་ནང་མ་འོངས་པར་དེ་ལྟར་མི་ཡོང་བ་དང་གཅིག་སྒྲིལ་བྱེད་དགོས་པའི་ལམ་སྟོན་ནན་པོ་ཞུས་ཡོད་པ་ལྟར་སླར་ཡང་གསལ་འདེབས་ཞུ་རྒྱུ་ཡིན།
བོད་མིའི་མང་གཙོའི་ལམ་སྲོལ་དབུ་བརྙེས་པ་ནས་ད་ལྟའི་བར་མང་གཙོའི་འཕེལ་རིམ་གྱི་མདུན་བསྐྱོད་ལ་ཕྱོགས་མང་པོ་ནས་བསྔགས་བརྗོད་འཐོབ་བཞིན་པ་ནི་གཞིས་བྱེས་བོད་མི་ཡོངས་ནས་དགའ་སྤོབས་བྱ་འོས་པ་ཞིག་རེད། འདི་ལོ་ཕྱི་ཟླ་ ༦ ཚེས་ ༡༥ ཉིན་ཨ་རིའི་ཚོགས་པ་གྲགས་ཅན་རྒྱལ་ཡོངས་མང་གཙོའི་ཐེབས་རྩ་ཞེས་པས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་གཟེངས་བསྟོད་ཀྱི་བྱ༌དགའ་ཞིག་འབུལ་བཞེས་མཛད་སྐབས་ཐེབས་རྩའི་ཚོགས་གཙོ་སྐུ་ཞབས་མར་ཊིན་ཕོ་རོསཋ་མཆོག་གིས། བཙན་བྱོལ་བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་སིམ་ཡལ་དུ་འགྲོ་རྒྱུའི་ཉེན་ཁ་དང་བྲལ་ཏེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་མ་བརླག་པར་མཉམ་གནས་ཐུབ་པ་དང་། ལྷག་པར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་འཁྲིད་ལམ་སྟོན་འོག་བཙན་བྱོལ་ནང་མང་གཙོའི་ལམ་ལུགས་ལག་བསྟར་གྱིས་ཕྱི་ལོ་ ༡༩༦༠ ནས་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་ལོ་ ༢༠༠༡ ནས་བཀའ་བློན་ཁྲི་པའམ་སྲིད་སྐྱོང་མི་མང་གིས་ཐད་ཀར་འོས་འདེམས་བྱེད་འགོ་ཚུགས་པ་བཅས་ནི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཤིག་རེད་ཅེས་བསྔགས་བརྗོད་གནང་ཡོད།
ང་ཚོ་ནི་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་ཤིག་དང་། བཙན་བྱོལ་གྱི་གནས་བབ་འོག་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་མཁན་ཞིག་ཡིན་པས་གཞན་དང་གནས་སྟངས་མི་འདྲ་བ་ཡིན་པ་ཤེས་དགོས། མང་གཙོའི་རིང་ལུགས་ནང་ཐོབ་ཐང་དང་ལས་འགན་གཉིས་ཟུང་འབྲེལ་ཐོག་འགྲོ་དགོས་པ་ལས་ཐོབ་ཐང་གཅིག་པུ་ལོངས་སུ་སྤྱོད་པ་ནི་མང་གཙོ་ཡང་དག་པ་ཆགས་ཀྱི་མེད། དེ་བཞིན་མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཡོང་ཆོག་པ་མ་ཟད་ཡོང་དགོས་པ་ཞིག་ཀྱང་ཡིན། འོན་ཀྱང་འགའ་རེས་གཏམ་བརྗོད་རང་དབང་ལ་ཁ་གཡར་ནས་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་དང་། ལྷག་པར་༸གོང་ས་མཆོག་ལ་མཚན་སྨད་ཞུ་བའི་བྱ་སྤྱོད་ནི་དགྲ་དགའ་གཉེན་སྡུག་བཟོ་གཞི་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་དང་ཡང་འགལ་བས་བོད་མི་སྤྱི་སྒེར་ཚང་མས་དོགས་ཟོན་དང་། ནང་ཁུལ་ལམ་ནོར་ལྡོག་ཤེས་ཀྱི་སློབ་གསོ་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།
དེང་སྐབས་རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཇེ་ཆེར་སོང་བའི་ཁེངས་དྲེགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཐག་གཅོད་སོགས་ལ་བརྩི་སྲུང་མི་བྱེད་པ་དང་། བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་སྲིད་གཞུང་དང་དབུ་འཁྲིད། གཞན་ཡང་གནད་ཡོད་དང་གྲགས་ཅན་མི་སྣ་ཁག་ལ་གནོན་ཤུགས་སྤྲད་དེ་བོད་དོན་སྐོར་གླེང་སློང་མི་ཡོང་བ་དང། འཛམ་གླིང་ཁྱོན་ཡོངས་ལ་ཆེས་གུས་བཀུར་དང་དགའ་མོས་ཅན་གྱི་དབུ་འཁྲིད་རྩོད་མེད་ཞིག་ལ་ངོས་འཛིན་ཡོད་པའི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་ལ་འགོག་རྐྱེན་བཟོ་ཆེད་དོལ་རྒྱལ་རྗེས་འབྲང་པ་བེད་སྤྱོད་དང་ཕྱོགས་གང་ས་ནས་གནོན་ཤུགས་སྤྲད་ཐབས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེ་བཞིན་ཁྱིམ་མཚེས་རྒྱ་གར་ལྟ་བུ་རྒྱལ་སྤྱིའི་སྡིང་ཆ་ཁག་ལ་མཉམ་ཞུགས་བྱེད་རྒྱུར་ཡང་འགོག་རྐྱེན་བཟོ་བཞིན་པ་ནི་མ་འོས་པ་ཞིག་རེད།
རྒྱ་ནག་གཞུང་གིས་དྲིལ་བསྒྲགས་གང་འདྲ་བྱེད་མིན་ལ་མ་ལྟོས་པར་བོད་བཙན་བཟུང་གིས་དབང་བསྒྱུར་བྱས་པའི་དུས་ཡུན་ནང་ཁྱིམ་མཚེས་རྒྱལ་ཁབ་གཞན་དང་སྤྱི་མཚུངས་ལྟར་བོད་མིའི་འཚོ་བར་ཡང་ཡར་རྒྱས་ཕྲན་བུ་ཕྱིན་ཡོད་ནའང་། དོན་དངོས་ཐོག་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་དང་ཆོས་རིག་གོམས་གཤིས་རྩ་བརླག བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གལ་གནད་ལ་བརྩི་མེད་ཀྱིས་གང་བྱུང་འཛུགས་སྐྲུན་དང་གཏེར་ཁ་སྔོག་འདོན་སོགས་བྱེད་པར་བོད་མི་ཚོས་འདས་པའི་མི་ལོ་ལྔ་བཅུ་ལྷག་ནང་ཞི་རྒོལ་རྒྱུན་མར་བྱས་དང་བྱེད་བཞིན་པ་ནི་འཛམ་གླིང་ཡོངས་ཀྱིས་ཤེས་གསལ་རེད། དེ་བཞིན་བོད་སྐྱོར་ལས་བྱེད་ཟེར་བའི་ལས་གཞིའི་འོག་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིགས་ལས་བྱེད་ཕོན་ཆེ་ཆེད་གཏོང་བྱེད་བཞིན་པ་དེ་ནི་བོད་རིགས་ལས་བྱེད་ལ་ཡིད་ཆེས་བྱེད་ཀྱི་མེད་པའི་དཔང་རྟགས་གསལ་པོ་ཡིན། ལྷག་དོན་ལས་གཞི་དེ་རིགས་ནི་བོད་ཀྱི་ས་ཁུལ་ཁག་ནང་རྒྱ་རིགས་མི་འབོར་སྤོ་ཤུགས་ཀྱི་རྣམ་པ་གསར་པ་ཞིག་དང་། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུ་དང་བོད་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ཤིག་ཡིན་པར་བརྟེན། བོད་ནང་ད་བར་དཔའ་བོ་དཔའ་མོ་ ༡༤༤ ཡིས་རང་ལུས་མེར་སྲེག་གནང་སྟེ་ཞི་རྒོལ་བྱས་ཡོད། དེ་བཞིན་བོད་མི་ཚོས་རང་གི་སྐད་ཡིག་དང་ཆོས་རིག་གོམས་གཤིས་སྲུང་སྐྱོབ་བྱེད་པར་ཁ་བྲལ་གྱི་ཞྭ་མོ་གཡོགས་ནས་བཙོན་འཇུག་དང་མནར་གཅོད་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་པའི་དབང་གིས། རྒྱའི་བཙོན་ཁང་ནང་དང་བཙོན་ཁང་ནས་གློད་འཕྲལ་འདས་གྲོངས་སུ་འགྲོ་བའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་བཙོན་ཁང་ནང་གློ་བུར་དུ་དགོངས་པ་རྫོགས་པ་ནི་དེའི་དཔེ་མཚོན་གསལ་ཤོས་ཤིག་རེད།
རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ཡོད་སྐོར་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཀྱང་དོན་དངོས་ཐོག་ཁ་ཞེ་མི་མཚུངས་པའི་གནས་སྟངས་ཆགས་ཡོད། དཔེར་ན་རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བསྐོས་པའི་རྒྱལ་མཚན་ནོར་བུར་ཉེ་ཆར་བཀྲིས་ལྷུན་པོར་དུས་འཁོར་དབང་ཆེན་ཞིག་གནང་དུ་བཅུག་པའི་སྐབས་བོད་མི་ཚོར་དབང་ཞུ་བར་ཡོང་དགོས་པའི་བཙན་བཀའ་བཏང་ཡོད།
དེ་བཞིན་གསེར་རྟ་བླ་རུང་སྒར་དུ་གྲྭ་ཤག་མང་པོ་གཏོར་བཤིག་དང་གྲྭ་བཙུན་སྟོང་ཕྲག་བརྒལ་བ་ཕྱིར་འབུད་ཀྱིས་ཆོས་དད་རང་དབང་གི་ཐོབ་ཐང་ལ་ཡོངས་སུ་བརྡལ་བཤིག་བཏང་ཡོད། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ནི་ཞིང་གཤེགས་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཕྱི་ལོ་ ༡༩༨༠ ལོར་ཐོག་མར་དབེན་གནས་ཤིག་ཏུ་བཤད་སྒྲུབ་ཀྱི་འདུས་སྡེ་བཙུགས་པ་ནས་བཟུང་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་དང་། རྒྱ་ནག ཕྱི་རྒྱལ་བཅས་ནས་དོན་གཉེར་ཅན་མང་པོས་རང་མོས་ཀྱིས་ཆོས་སྒོར་ཞུགས་ཏེ་རིམ་བཞིན་གྲྭ་བཙུན་ཁྲི་ཚོ་བརྒལ་བ་སློབ་གཉེར་བྱ་ཡུལ་གྱི་བསྟི་གནས་སུ་གྱུར་བ་ཞིག་ཡིན་ནའང་། ཕྱི་ལོ་ ༢༠༠༡ ལོར་བཙན་དབང་གིས་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་བཏང་སྐབས། ཡ་ང་བའི་གནས་སྟངས་འོག་བཙུན་མ་མང་པོ་རིག་འཚོ་མ་ཟིན་པར་གྱུར་པ་དང་། ཁ་ཤས་ཀྱིས་རང་སྲོག་བཅད་པའི་གནས་ཚུལ་བྱུང་ཡོད། ལྷག་པར་ད་ལམ་འཆར་གཞི་ལྡན་པའི་ཐོག་ནས་གཏོར་བཤིག་གཏོང་བཞིན་པར་བཙུན་མ་རིག་འཛིན་སྒྲོལ་མ་དང་། བཙུན་མ་ཚེ་རིང་སྒྲོལ་མ། བཙུན་མ་སེམས་དགའ་བཅས་ཀྱིས་བྱེད་ཐབས་མེད་པར་འུ་ཐུག་ཐབས་ཟད་ཀྱིས་རང་སྲོག་བཅད་ཡོད། བཙུན་མ་ཚེ་རིང་སྒྲོལ་མའི་ཁ་ཆེམས་ཡི་གེའི་ནང་། “་་་ད་ནི་རྒྱ་ནག་གཞུང་གིས་སྡོད་བཟོད་མེད་པ་བཟོ་བཞིན་པ་དང་། གྲྭ་ཤག་ཚང་མ་གཏོར་འགྲོ་བཞིན་འདུག” ཅེས་འཁོད་འདུག་ན། བྱེད་བབ་དེ་རིགས་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ལྟ་ཅི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་ཉིད་ཀྱི་རྩ་ཁྲིམས་ནང་གསལ་བའི་ཆོས་དད་རང་དབང་གི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བ་ཞིག་ཡིན་སྟབས། རང་དབང་ལ་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་དང་། ཨ་རིས་གཙོས་པའི་སྲིད་གཞུང་དང་གྲོས་ཚོགས་ཀྱི་འཐུས་མི་བཅས་ནས་དེར་སྐྱོན་བརྗོད་བྱས་ཡོད། ང་ཚོའི་ངོས་ནས་ཀྱང་རྒྱལ་སྤྱིའི་ནང་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འཆར་ཡོད།
ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཚོགས་ཀྱི་དྲུང་ཆེ་བརྗེ་བསྒྱུར་བྱས་ཡོད། བོད་ཁྱོན་ཡོངས་ནང་ཞི་བདེ་ལྷིང་འཇགས་ཡང་དག་པ་ཞིག་ཡོང་བར་འགོ་འཁྲིད་འཕོ་བསྒྱུར་བཏང་བ་ཙམ་མ་ཡིན་པར་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་མཁྲེགས་འཛིན་དང་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་མཚམས་འཇོག་གིས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་དུས་ལ་བབས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཡག་ཤོས་ཡིན་པ་དང་བོད་ཀྱི་གནད་དོན་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་མུ་མཐུད་ཡོང་ཆེད་འབད་བརྩོན་སྔར་ལྷག་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་དང། དེ་བཞིན་མི་རབས་གོང་མ་རྣམས་དང་། ལྷག་པར་ལས་ཀྱི་སྣེ་མོར་གཏོགས་པ་ཡོངས་ཀྱིས་སྐུ་ངལ་བསྐྱོན་པའི་འབྲས་བུར་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པ་ཚགས་ཚུད་གང་ལེགས་ཡོད་ནའང། ད་དུང་ཡར་རྒྱས་གཏོང་དགོས་པའི་གནས་སྟངས་མང་པོ་ཡོད། བཙན་བྱོལ་དུ་ཡོད་པའི་བོད་མི་ཉམ་ཐག་རྣམས་ལ་ལྟ་རྟོག་བྱེད་ཕྱོགས་ཡར་རྒྱས་གཏོང་སྒོ་ཇི་ཡོད་ཉེ་ཆར་དབུལ་ཕོངས་ཉམ་ཐག་ལྟ་སྐྱོང་གི་ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་ཕུལ་འབྱོར་བྱུང་བའི་རྒྱབ་གཉེར་ལྟར་ལག་བསྟར་གྱིས་སྔར་ལྷག་ལྟ་སྐྱོང་བྱེད་རྒྱུ་ཡིན། དེ་བཞིན་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་ཐོག་ནད་རིགས་སྔོན་འགོག་གི་ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་དང། གཞན་ཡང་ཨ་རིའི་རོགས་ཚོགས་ནས་བོད་མིའི་འཕྲོད་བསྟེན་དང་འབྲེལ་བའི་སྙན་ཐོ། འཕྲོད་བསྟེན་ཚོགས་ཆེན་བསྐོང་ཚོགས་ཞུས་པ་བཅས་འབྲེལ་ཡོད་སོ་སོའི་རྒྱབ་གཉེར་གལ་འགངས་ཆེ་ཁག་ལག་བསྟར་ཞུ་རྒྱུ་ཡིན། ཡང་གོ་སྐབས་འདི་བརྒྱུད་ཉེ་ཆར་ཨ་རིའི་རོགས་ཚོགས་ནས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིར་གཟེངས་བསྟོད་ཡིག་ཆ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འབྲེལ་ཡོད་བཀའ་བློན་ལས་ཁུངས་སོ་སོའི་ཁྱབ་འོག་མ་ལག་དང་བཅས་པས་བཙན་བྱོལ་བོད་མི་རྣམས་ཀྱི་ཤེས་ཡོན་དང། འཕྲོད་བསྟེན། དཔལ་འབྱོར་སོགས་ཐད་ནུས་པ་གང་ཡོད་ཀྱིས་འགན་འཁུར་ཞུ་བཞིན་ཡང་། བོད་མི་མི་རེ་ངོ་རེ་ནས་ཀྱང་རང་དོན་རང་གཅེས་ཀྱིས་ཕྲུ་གུའི་ཤེས་ཡོན་ལ་འཐུས་ཤོར་མེད་པ་བྱེད་དགོས་པ་འབོད་སྐུལ་ཞུ་རྒྱུ་ཡིན། ཤེས་ཡོན་ནི་མི་རིགས་ཤིག་གི་དཔལ་ཡོན་གོང་འཕེལ་འགྲོ་རྒྱུའི་རྒྱུ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན།
ད་རེས་ཀྱི་གོ་སྐབས་འདི་དང་བསྟུན་ནས་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༠ འཁོར་བར་གཞུང་མང་གཉིས་ལ་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག་ད་བར་ང་ཚོར་གཏོང་ཕོད་ཆེན་པོས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་མཚུངས་རྒྱལ་སྤྱིའི་ནང་གི་སྲིད་གཞུང་ཁག་དང་བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན། བོད་མིའི་མང་གཙོའི་ལམ་བཟང་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་མི་ལོ་དྲུག་ཅུར་ཉེ་བའི་རིང་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་པའི་བཀའ་དྲིན་ཉག་ཅིག་ལས་བྱུང་བ་ཞིག་ཡིན་པས། དེ་རིང་མང་གཙོའི་དུས་ཆེན་གྱི་གོ་སྐབས་འདི་བརྒྱུད་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཆེ་ཆེ་ཞུ་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་བཅས། བཀའ་ཤག་གིས་བོད་རྒྱལ་ལོ་ ༢༡༤༣ ཟླ་ ༧ ཚེས་ ༡ ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢ ལ།། །།