ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཨིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཝེ་སི་མིན་སི་ཊར་གཙུག་ལག་སློབ་ཁང་གི་གོ་སྒྲིག་འོག་ Researching Contemporary Tibet: People, Power and Resilience ཞེས་པའི་བགྲོ་གླེང་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཁག་གཅིག་མཉམ་ཞུགས་གནང་ཡོད།
དེ་ཡང་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ལྔས་ཨིན་ཡུལ་ལོན་ཌོན་ཁུལ་གྱི་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་དང་། ཉམས་ཞིབ་པ་སོགས་ལ་རང་རང་སོ་སོའི་དཔྱད་ཞིབ་ཡིག་ཆ་སྤྱན་བསྟར་ཞུས་ཡོད།
ཝེ་སི་མིན་སི་ཊར་གཙུག་ལག་སློབ་ཁང་གི་ཕྱི་འབྲེལ་དང་ཆབ་སྲིད་ཚན་པའི་འགན་འཛིན་སློབ་དཔོན་དིབ་ཡེཤ་ཨ་ཨ་ནན་ཌ་ Dibyesh Anand ལགས་དང་། Royal Holloway གཙུག་ལག་སློབ་ཁང་གི་སློབ་དཔོན་ Professor Anna Morcom ལགས། ཨོག་སི་ཕོཌ་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་Dr Fiona McConnell ལགས། བྷིར་མིང་ཧམ་གཙུག་ལག་སློབ་ཁང་གི་འབུམ་རམས་པ་ཚེ་རིང་སྟོབས་རྒྱལ་ལགས། རྒྱ་རིགས་མཁས་དབང་གསུམ་སོགས་མི་གྲངས་་ ༤༠ ཙམ་གྲོས་གླེང་ནང་མཉམ་བཞུགས་གནང་ཡོད།
བགྲོ་གླེང་དེ་ཉིད་ཚོགས་ཐུན་གསུམ་དུ་དབྱེད་ཡོད་པ་དང་། སྔ་དྲོའི་ཚོགས་ཐུན་སྐབས་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་མཐོ་སྒང་བོད་ཀྱི་ཁོར་ཡུག་གནས་སྟངས་དེས་གོ་ལ་སྤྱིའི་ཁོར་ཡུག་གི་གནས་སྟངས་ཐོག་ཤུགས་རྐྱེན་ཇི་ཐེབས་སྐོར་དང་། ཉིན་རྒྱབ་བསྟན་འཛིན་ཚེ་བརྟན་ལགས་ཀྱིས་ཕྱི་ལོ་ ༡༩༥༠ རྗེས་ཀྱི་བོད་ནང་གི་བོད་མིའི་འགོ་ཁྲིད་སྒྲོམ་གཞིའི་་སྐོར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བོད་ཀྱི་ལས་རྒྱུས་ཐོག་བཙན་བྱོལ་བོད་མི་དང་རྒྱ་ནག་གཞུང་དབར་བོད་དོན་ཐོག་བཤད་ཚུལ་མི་མཐུན་པའི་སྐོར། དེ་བཞིན་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་སྤྱི་ཚོགས་དྲྭ་རྒྱའི་ཐོག་བོད་དོན་ལས་འགུལ་དང་། རྒྱ་ནག་ནང་དྲྭ་རྒྱའི་ཐོག་དམ་བསྒྲགས་དང་སྟངས་འཛིན་ཇི་ཙམ་ཡོད་སྐོར། བསྟན་འཛིན་ཚུལ་ཁྲིམས་ལགས་ཀྱིས་རྒྱ་ནག་ཏང་སྲིད་དམག་གསུམ་དང་དྲིལ་བསྒྲགས་ཀྱི་ལས་གཞིའི་སྐོར་ཉམས་ཞིབ་བྱས་པའི་གྲུབ་དོན་ཁག་ངོ་སྤྲོད་ཞུས་ཡོད།།