༢༠༡༦ ཟླ་ ༩ ཚེས་ ༢ རེས་གཟའ་པ་སངས།
༄༅། །བཙན་བྱོལ་བོོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༦ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད། དེ་རིང་ཕྱི་ལོ ༢༠༡༦ ཟླ་ ༩ ཚེས་ ༢ ཉིན་མོ་འདི་ནི་བོད་ཆོས་སྲིད་ལུགས་གཉིས་མང་གཙོའི་ལམ་སྲོལ་བཟང་པོ་དབུ་བརྙེས་ནས་མི་ལོ་ ༥༦ ཧྲིལ་པོ་འཁོར་བའི་དུས་དྲན་ཁྱད་པར་ཅན་སྲུང་བརྩི་ཞུ་བའི་སྐབས་འདིར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གཞིས་བྱེས་བོད་མི་ཡོངས་ལ་མཛའ་བརྩེས་དྲངས་པའི་འཚམས་འདྲི་དང་། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ལྗོངས་ཡོངས་རྫོགས་བཙན་བཟུང་དབང་བསྒྱུར་བྱས་སྟབས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་ཐབས་མེད་གྱུར་པ་དང་། མགོན་པོ་གང་གི་ཞབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ལྷག་བཙན་བྱོལ་ཏུ་ཡོང་དགོས་བྱུང་ཡོད། རྒྱ་གར་དུ་༸ཞབས་སོར་འཁོད་ཉིད་ནས་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་མ་ལག་རྨངས་ནས་གསར་འཛུགས་བསྐྱངས་པ་དང་ཆབས་ཅིག་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་བཏོད་བཀོད་སྒྲིག་བསྐྱངས་པ་བཞིན་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་དང་པོའི་སྤྱི་འཐུས་རྣམས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་བཟུང་བོད་ལྗོངས་མང་གཙོའི་ལམ་བཟང་དབུ་བརྙེས་ཤིང་། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས། ཕྱི་ལོ་ ༡༩༩༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་སྐབས་རེའི་ལས་ཡུན་དང་། གྲངས་ཚད་བཅས་སྤར་ཆ་དང་འབྲེལ་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ།
དེ་ནས་རིམ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་དང་སྒྲིག་གཞི་རྒྱས་བསྡུས་འདྲ་མིན་གྲངས་སུམ་ཅུ་ལ་ཉེ་བ་གཏན་འབེབས་གནང་ཐུབ་ཡོད། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱ་ལམ་བཏོད་དེ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་མདུན་བསྐྱོད་ཆེན་པོ་ཞིག་བྱུང་ཡོད་ཅིང་། ལྷག་པར་ཕྱི་ལོ་ ༢༠༡༡ ལོར་བོད་མིའི་འཕྲལ་ཡུན་བདེ་དོན་གཙོ་གྱུར་དགག་དགོས་རྒྱུ་མཚན་དུ་མར་གཟིགས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་ཡོངས་སུ་རྫོགས་པ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་བསྩལ་ཏེ་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད་པ་བཞིན། མགོན་པོ་གང་གི་དགོངས་གཞི་ལྟར་གང་ལེགས་སུ་བསྐྱོད་དང་སྐྱོད་བཞིན་ཡོད།
དེ་ཡང་མང་གཙོའི་ལམ་སྲོལ་སྲ་བརྟན་དང་ཡར་རྒྱས་ཡོང་མིན་ནི་མང་ཚོགས་ཀྱི་བསམ་བློའི་གནས་ཚད་དང་། སྤྱི་དོན་ཐོག་སེམས་འཁུར་དང་ཕྱར་གྲུ་མཉམ་འདེགས་བཅས་ལ་རག་ལས་སྟབས། ཉེ་སྔོན་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་ སྤྱི་འཐུས་རྣམས་ལས་འཁུར་དམ་བཅའ་འབུལ་བཞེས་གྲུབ་ཉིད། བོད་མི་གནས་སྡོད་ཡོངས་ཁྱབ་ཏུ་འཚམས་འདྲི་གཟིགས་སྐོར་སླད་ཕེབས་རྒྱུའི་ས་གནས་ས་བགོས་ཀྱི་ལས་འཆར་ཆེད་བསྒྲིགས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་རྒྱས་དང་རྒྱས་བཞིན་པ་རྣམས་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་རིམ་སྐོར། བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དགོས་པ་གལ་ཆེ་ཡིན་སྐོར་སོགས་ཀྱི་གོ་རྟོགས་དང་བློ་སྟོབས་སྤེལ་རྒྱུ། དེ་དང་ཆབས་ཅིག་ས་གནས་སོ་སོའི་སྒྲིག་འཛུགས་སམ། སྡེ་ཚན་སོ་སོ་དང་། མང་ཚོགས་སྒེར་བཅས་ཀྱིས་བདེ་སྡུག་ཞུས་ཁག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ལས་ཁུངས་གཙོ་གྱུར་སྒྲིག་འཛུགས་མ་ལག་ཁུངས་སོ་སོ་ནས་སྐབས་ཐོག་སོ་སོར་དཀའ་ངལ་སེལ་ཐབས་དང་། རོགས་སྐྱོར་ལག་བསྟར་ཐུབ་ཐབས་ཆེད་འཛིན་སྐྱོང་བཀའ་ཤག་ཏུ་ཕུལ་ཏེ་དཀའ་ངལ་སེལ་ཐབས་བྱ་བཞིན་པ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་དང་། མང་ཚོགས་དབར་ཟམ་པ་ལྟ་བུའི་གནས་བབ་བཟུང་སྟེ་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད།
ད་ལམ་བོད་མིའི་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་གལ་ཆེའི་གནད་དོན་བསྐྱར་ནན་ཞུ་རྒྱུ་ཞིག་ལ། བར་ལམ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐབས། ད་ལྟ་བོད་དང་བོད་མིའི་གནས་བབ་ཇི་འདྲ་ཞིག་གི་ཐོག་གནས་ཡོད་པ་དང། བོད་མིར་རང་ཆས་སུ་ཡོད་པའི་གཤིས་ལུགས་བཟང་པོ་མི་ཉམས་རྒྱུན་འཛིན་བྱ་གལ་སོགས་ལ་བསམ་ཤེས་མ་ཐུབ་པར། རྒྱལ་སྤྱིའི་ནང་རང་དབང་རང་བཙན་ཆ་ཚང་ཡོད་པའི་མང་གཙོའི་རྒྱལ་ཁབ་སྟོབས་ལྡན་དག་གི་ལད་མོར་ཐལ་ནས་ཕྱོགས་གང་ས་ནས་འཐེན་རྩོད་ཀྱི་རྣམ་པ་གང་ཙམ་བྱུང་སྟེ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་དང་། ཐུགས་དམ་སད་རྐྱེན་བྱུང་ཡོད་པ་དང་། དེ་རྗེས་སྲིད་སྐྱོང་གི་དམ་འབུལ་མཛད་སྒོའི་ཐོག་བཀའ་སློབ་སྤྱི་ཕེབས་བྱུང་བའི་ནང་། “འཕྲལ་སེལ་དགོས་པ་ཆུང་ངུ་ཞིག་ལ་དམིགས་ནས་ཆོས་ལུགས་འཐེན་འཁྱེར་ལྟ་བུ་དང་། དེ་བཞིན་ལུང་ཚན་གྱི་འཐེན་འཁྱེར་ལྟ་བུ་བྱས་ན། དངོས་གནས་བློ་ཆུང་ཕན་བཏགས་ཟེར་བ་དེ་ཆགས་རྒྱུ་རེད། ཡག་པོ་རྩ་བ་ནས་མེད། དེར་བརྟེན་ང་ཚོ་ཆོལ་ཁ་གསུམ་པོ་འདི་སྐྱིད་ན་སྐྱིད་གཅིག སྡུག་ན་སྡུག་གཅིག་བྱས་ནས་ང་ཚོ་སྐྱིད་སྡུག་མཉམ་མྱོང་བྱས་ནས་ཡིན་མ་གཏོགས། ང་ཚོ་འདིར་ཆོལ་ཁའི་དབྱེ་བ་ཕྱེ་ནས་དེ་འདྲ་ནམ་ཡང་མ་ཡོང་བ་ཞིག་བྱེད་དགོས་པ་ཁྱེད་རང་ཚོ་ཚང་མས་སེམས་ནང་ཞོགས་” ཞེས་སོགས་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ཁེ་ལི་ཕོར་ནི་ཡའི་ཁུལ་གནས་སྡོད་བོད་མི་ཚོར་བཀའ་སློབ་སྩལ་སྐབས། “ད་ཆ་འོས་བསྡུའི་སྐབས་དང་འབྲེལ་བའི་གནས་ཚུལ་ཚང་མ་འཇགས་ཡོད་པས་ནམ་མཁའ་གཡའ་དག་དང་། ས་གཞི་རྡུལ་དག་ཡིན། བློ་བདེ་པོ་བྱས་ནས་སྡོད་” ཅེས་བཀའ་བཟང་འཐོབ་ཡོད་པ་བཞིན། ད་ལྟའི་ཆར་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀའི་འགོ་འཁྲིད་མི་སྣ་འདེམས་བསྐོའི་རིམ་པ་གྲུབ་སྟེ་རང་རང་ལས་དོན་ཐོག་དངོས་སུ་ཞུགས་ཟིན་ཡོད་པས། བོད་མི་ཡོངས་ཀྱིས་ཁ་ཞེ་གཉིས་མེད་ངང་ལག་ལེན་དངོས་ཀྱི་ཐོག་ནས་ཕན་ཚུན་མཛའ་བརྩེའི་ངང་མཐུན་ལམ་དམ་ཚིག་གཟོང་ཁ་གཅིག་སྒྲིལ་གནང་དགོས་གཞི་རྩར་བཞག་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཡོངས་དང་། རྒྱ་ཆེའི་མང་ཚོགས་བཅས་ཀྱིས་ཕྱར་གྲུ་མཉམ་འདེགས་དང་། རྒྱབ་སྐྱོར་གྱི་ནུས་ཤུགས་འདོན་དགོས་པའི་དུས་ལ་སླེབས་ཡོད།
རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་རྟགས་མཚན་མེད་ཁར་དམ་དྲག་དང་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པས། འདས་པའི་ཟླ་ཤས་ནང་གནས་ཚུལ་ཛ་དྲག་རིགས་གཅིག་འདིར་དཔེ་མཚོན་དུ་ཞུས་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ བར་དུ་སྐྱིད་གྲོང་ནས་བལ་ཡུལ་ས་མཚམས་ཧི་མ་ལ་ཡའི་རི་བརྒྱུད་བར་མེ་འཁོར་ལྕགས་ལམ་གྱི་ལས་གཞི་གསར་འཛུགས་བྱ་འཆར་དེ་བོད་ནས་ལྷོ་ཤར་ཨེ་ཤ་ཡ་རྒྱལ་ཁབ་ཁག་དང་། དམིགས་བསལ་དུ་རྒྱ་གར་གྱི་ཁྲོམ་ར་ཆེ་ཁག་བར་ཉོ་ཚོང་གི་འབྲེལ་ལམ་ཆེད་དང་། སྐྱིད་གྲོང་གི་མཛེས་ལྗོངས་དེར་ཡུལ་སྐོར་སྤྲོ་འཆམ་པའི་ཆེད་འགྲིམས་འགྲུལ་ལས་རིགས་ཐོག་ནས་ས་གནས་མང་ཚོགས་ཀྱི་དབུལ་སེལ་ཐུབ་ལུགས་ཀྱི་གཡོ་གཏམ་སྒྲོག་བཞིན་ཡོད་ཀྱང་། དོན་དངོས་ཐོག་དེ་ནི་རྒྱ་ནག་རྒྱ་བསྐྱེད་རིང་ལུགས་པས་བོད་ལྟ་ཅི། བལ་ཡུལ་དང་རྒྱ་གར་རྒྱལ་ཁབ་སོགས་ཁྱིམ་མཚེས་ཡུལ་གྲུར་འཇིགས་ཉེན་བཟོ་བའི་ཕུགས་རིང་གི་འཆར་གཞི་ལྡན་པའི་འཛུགས་སྐྲུན་ཞིག་ཡིན་པར་ངོས་འཛིན་བྱ་བཞིན་ཡོད།
བོད་ནང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་མི་རབས་མང་པོ་རིམ་བརྒྱུད་ཀྱིས་རང་དབང་ངང་ལོངས་སུ་སྤྱད་ནས་ཡོང་བའི་ས་ཆ་རྣམས་བཙན་ཕྲོགས་དང་། བཅད་བགོས་ཀྱིས་བོད་མིའི་འཚོ་བར་བརྡབ་གསིག་ཆེན་པོ་གཏོང་བཞིན་ཡོད་པ་ལྟར། རྩྭ་སའི་བདག་དབང་འདྲ་མཉམ་བགོ་བཤའ་རྒྱག་དགོས་པའམ་ཕྱིར་སྤྲོད་དགོས་པའི་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་མཁན་རྣམས་ཀྱི་བདེ་སྡུག་ལ་བསམ་ཤེས་གང་ཡང་མེད་པའི་ཁར་བཙན་གནོན་བྱ་བཞིན་ཡོད་པ་དཔེར་ན། ཉེ་བའི་སྔོན་དུའང་སེར་ཤུལ་རྫོང་ཟེར་བའི་སྒོ་ཆེན་ཉེ་འགྲམ་དུ་དགེ་འདུན་པ་བཟོད་པ་ཞུ་བས། རྩྭ་སའི་བདག་དབང་དགོས་འདུན་གྱི་ཞུ་འབོད་གནང་བར་རྒྱ་གཞུང་གི་ཉེན་རྟོག་པས་བཙན་འཁྲིད་བྱས་ཏེ་ས་གནས་ལས་བྱེད་པས་ས་ཆ་རྒྱལ་ཁབ་ཀྱི་བདག་དབང་ཡིན་སྟབས། ཁྱེད་ཚོ་འབྲོག་པར་བདག་དབང་གང་ཡང་མེད་པ་ཤེས་དགོས་ཞེས་དང་། རྗེས་སུ་རྒྱ་གཞུང་གི་ཐག་གཅོད་ལ་དང་ལེན་མ་བྱས་པར་ཞུ་གཏུགས་བྱས་ཚེ་ཉེན་རྟོག་པ་བཏང་སྟེ་བཙོན་འཇུག་བྱ་རྒྱུ་ཡིན་པའི་སྡིགས་ར་སྐུལ་ཡོད་པ་སོགས་བོད་མི་རྣམས་རང་ཡུལ་དུ་འཚོ་གནས་བྱེད་པར་དཀའ་ངལ་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད།
དེ་བཞིན་བོད་དཀར་མཛེས་ཁུལ་གསེར་རྟ་རྫོང་ཟེར་བའི་ཁོངས་སུ་ཡོད་པའི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ལ་ཕྱི་ལོ་ ༢༠༠༢ ལོར་གྲྭ་བཙུན་ཚད་བཀག་དང་། གྲྭ་ཤག་གཏོར་བཤིག་བཏང་བ་སོགས་སྲིད་བྱུས་ངན་པ་དངོས་སུ་ལག་བསྟར་བྱས་ཡོད། འདི་ལོ་སླར་ཡང་ཕྱི་ཟླ་ ༧ ཚེས་ ༢༠ ནས་འགོ་འཛུགས་ཀྱིས་གསེར་རྟ་བླ་རུང་ཆོས་སྒར་དུ་གྲྭ་བཙུན་གྲངས་ཚད་མང་དྲགས་པས་ཉུང་དུ་གཏོང་དགོས་པ་དང་། གྲྭ་ཤག་གི་གྲངས་ཚད་ཀྱང་མང་དྲགས་པས་གཏོར་བཤིག་གཏོང་དགོས་པའི་བཀའ་རྒྱ་ཞིག་བཀྲམ་ཡོད་པ་ལྟར་རྒྱ་གཞུང་གིས་ད་ལྟའི་ཆར་གྲྭ་ཤག་རྣམས་མངོན་སུམ་འཛེམས་མེད་ཀྱིས་གཏོར་བཤིག་ལག་བསྟར་བྱེད་བཞིན་པར་ང་ཚོར་སེམས་འཚབ་ཆེན་པོ་ཡོད། ཉེ་ཆར་ཨ་རིའི་གཞུང་སོགས་དང་བརྒྱུད་ལམ་ཆེ་ཁག་ནས་འདིའི་སྐོར་དོ་སྣང་དང་། སེམས་འཚབ་ཆེན་པོ་གནང་ཡོད། དུས་རྒྱུན་དུ་བླ་རུང་ཆོས་སྒར་གྱི་གྲྭ་བཙུན་རྣམས་ཀྱིས་ནང་པའི་ཆོས་དང་རིག་གནས་ལ་སློབ་གཉེར་གནང་བ་དང་། བསྟན་འགྲོར་ཕན་པའི་བྱ་བ་ཁོ་ན་ལས། ཁྲིམས་དང་འགལ་བའི་ཕྱག་ལས་གང་ཡང་གནང་གི་མེད། རྒྱ་གཞུང་གི་བྱ་སྤྱོད་འདི་དག་ནི་ནམ་རྒྱུན་བོད་ནང་ཆོས་དད་རང་མོས་ཡོད་ཅེས་ཤོད་པ་ཙམ་ལས་དངོས་སུ་ཆོས་དད་ཀྱི་རང་དབང་བཀག་འགོག་བྱེད་པ་འདིས་རྒྱ་གཞུང་གི་ཆོས་ཕྱོགས་ལ་འཛིན་པའི་སྲིད་བྱུས་ཇི་འདྲ་ཡིན་པ་གསལ་རྗེན་དུ་ཐོན་པ་ཞིག་ཡིན།
དེ་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༨ ཉིན་རྔ་བ་ཀིརྟི་དགོན་གྱི་གྲྭ་ཤག་རེ་རེ་བཞིན་དུ་གྱོད་དཔེ་ཀློག་དེབ་ཟེར་བའི་དེབ་ཆུང་ཞིག་རྒྱ་གཞུང་གིས་འགྲེམས་སྤེལ་གྱིས་གྲྭ་པ་རེ་རེ་བཞིན་དུ་དེ་ལ་སློབ་སྦྱོང་ནན་ཏན་བྱེད་དགོས་ཚུལ་གྱི་བཙན་བཀའ་བཏང་ཡོད་པ་དང། གྱོད་དཔེ་ཀློག་དེབ་ཟེར་བ་དེ་ཡང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་བཀྲམ་ཡོད། འདི་ནི་རྒྱ་གཞུང་གིས་བོད་ཐོག་རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་ཇི་བྱས་རྣམས་ཁྲིམས་མཐུན་ཡིན་པ་བཟོ་ཐབས་སུ་འབད་པ་ཞིག་ཡིན་པ་བོད་ནང་ནས་འགྲེལ་བརྗོད་གནང་ཡོད་པ་ལྟར། རྒྱ་ནག་དམར་པོའི་གཞུང་གིས་བོད་མིར་དྲག་གནོན་བྱེད་ཐབས་སུ་གཞི་མེད་སྐྱོན་འཛུགས་ཀྱི་འཁྱོག་བཤད་ཡིག་ཆ་དེ་རིགས་སྤེལ་བཞིན་ཡོད།
བོད་མིའི་རྩ་དོན་འཐབ་རྩོད་གཙོ་གྱུར་གང་ཅིའི་ཐད་ཨ་རི་དང་ཡུ་རོབ་གཙོས་འཛམ་གླིང་ཡུལ་གྲུ་གང་སའི་གཞུང་དང། གྲོས་ཚོགས། ཚོགས་སྡེ་འདྲ་མིན་སོགས་ནས་རྒྱབ་སྐྱོར་གནང་དང་གནང་བཞིན་པ་དང་། ལྷག་པར་རྒྱ་གར་གཞུང་མང་གི་རྒྱབ་སྐྱོར་ནི་དེ་བས་གལ་ཆེ་ཡིན་པས། ཉེ་བའི་སྔོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པས་སྣེ་ཁྲིད་དེ་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་གྱི་ཆར་དུས་གྲོས་ཚོགས་ཚུགས་པའི་སྐབས་དང་བསྟུན་རྒྱ་གར་གྲོས་ཚོགས་གོང་འོག་གི་ཚོགས་མི་གང་མང་མཇལ་འཕྲད་ཀྱིས་འབྲེལ་ལམ་དང་། བོད་དོན་གང་ཅིའི་ཞུ་སྐུལ་སླད་རྒྱལ་ས་ལྡི་ལིར་ཆེད་བཅར་ཞུས་ཡོད་ལ། དེ་རིང་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་རང་རེའི་མང་གཙོའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་ཏུའང་རྒྱ་གར་གྲོས་ཚོགས་འཐུས་མི་མཉམ་ཞུགས་གནང་སྟེ་བོད་དོན་རྒྱབ་སྐྱོར་གསུང་བཤད་གནང་བ་སོགས་བོད་དོན་ཐོག་སེམས་ཁུར་དང་རྒྱབ་སྐྱོར་གནང་བ་བཅས་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞི་རྩའི་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་ཕྱོགས་སོགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོནཆེན་པོ་མཆོག་གི་དགོངས་གཞི་ལྟར་གཙོ་བོ་བོད་མི་རང་ཉིད་ཀྱིས་དུས་དང་རྣམ་པ་ཐམས་ཅད་དུ་ནུས་ཤུགས་འདོན་རྒྱུར་རག་ལས་ཡོད་པས། བོད་མི་ཡོངས་ཀྱིས་ལྷོད་གཡེང་མེད་པ་དུས་རྟག་ཏུ་སེམས་ཁུར་ཆེར་བསྐྱེད་ཀྱིས་འབད་བརྩོན་གནང་གལ་ཆེ་ཞེས་ཞུ་རྒྱུ་ཡིན།
མཐའ་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་གྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢ ལ།།