ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཟླ་འདིའི་ཕྱི་ཚེས་ ༥ ནས་ ༡༢ བར་སྒང་ཏོག་དང་། ར་ཝང་ལ་ཀུན་ཕན་གླིང་། རྡོ་རྗེ་གླིང་། བསུ་ན་མདའ་བཀྲ་ཤིས་གླིང་། ཀ་སྦུག ས་ལུ་གྷ་ར་བཅས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕྱོགས་ཕེབས་གནང་ཡོད།
ཕྱི་ཚེས་ ༧ ཉིན་ནང་སྲིད་བཀའ་བློན་མཆོག་ལ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ར་ཝང་ཀུན་ཕན་གླིང་དུ་སྐོང་ཚོགས་གནང་བའི་མཉམ་འབྲེལ་ཁག་བཅོ་ལྔའི་ལོ་འཁོར་ཚོགས་ཆེན་ཐེངས་བཅུ་དྲུག་པའི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་ཀྱིས་མ་འོངས་ལས་དོན་གནང་ཕྱོགས་དང་། མཉམ་འབྲེལ་དེ་དག་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་བརྒྱ་ཆ་ ༧༥ ཙམ་འཚོ་རྟེན་ཕུགས་འཕེར་བསྲ་བརྟན་ཡོང་སླད་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས་མཉམ་འབྲེལ་རྣམས་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་སྤྱི་མཐུན་མཉམ་འབྲེལ་དབར་འབྲེལ་ལམ་གོང་མཐོར་གཏོང་ཐབས་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
ཕྱི་ཚེས་ ༦ ཉིན་བཀའ་བློན་མཆོག་གིས་འབྲས་ལྗོངས་མངའ་སྡེ་གཞུང་གི་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་ལྕམ་རིན་ཆེན་དབང་མོ་མཆོག་དང་མཇལ་འཕྲད་ཀྱིས་རྒྱ་གར་དབུས་གཞུང་ནས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དེ་ཉིད་འབྲས་ལྗོངས་མངའ་སྡེའི་ནང་མགྱོགས་མྱུར་ལག་བསྟར་ཡོང་བའི་གྲོས་བསྡུར་དང་འབོད་སྐུལ་ཞུས་པར་མངའ་སྡེའི་གཞུང་ནས་ཀྱང་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག གཞན་ཡང་ནུབ་སྦང་གྷལ་གྱི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་རྒྱུའི་དུས་ཚོད་ཞུས་ཡོད་འདུག་ཀྱང་སྤྱི་ཁྱབ་བློན་ཆེན་མཆོག་མཛད་བྲེལ་རྐྱེན་པས་མཇལ་འཕྲད་ཕྱིར་འགྱངས་གནང་དགོས་བྱུང་ཡོད་འདུག
ཕྱོགས་མཚུངས་ཕྱི་ཚེས་ ༡༠ དང་ ༡༡ ཉིན་རྡོར་གླིང་དང་བསུ་ན་མདའ། ཀ་སྦུག་བཅས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་དང་ འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་བཅས་སོགས་ལ་འཚམས་གཟིགས་སུ་ཕེབས་ཏེ་ད་ལྟའི་བོད་ཀྱི་གནས་སྟངས་དང་བཀའ་ཤག་སྐབས་ ༡༥ པའི་སྲིད་བྱུས་དང་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། ཚོགས་སྡེ་ཁག་གི་འགན་འཛིན་དང་། སློབ་ཕྲུག་དེ་བཞིན་མི་མང་རྣམས་ལ་བོད་མིའི་རང་དབང་སླར་གསོ་བྱེད་རྒྱུ་ནམ་ཡང་བརྗེད་རྒྱུ་མེད་སྐོར་དང་བོད་ནང་བོད་རིགས་སྤུན་ཟླ་ཕོ་མོ་གྲངས་ ༡༤༤ ནས་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་སྟེ་བོད་ནང་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་དགོས་པའི་རེ་འདུན་འདོན་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།