༢༠༡༦ ཟླ་ ༩ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་འབྲས་ལྗོངས་མངའ་སྡེ་གཞུང་གི་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་ལྕམ་རིན་ཆེན་དབང་མོ་མཆོག་དང་མཇལ་འཕྲད་གནང་ཡོད། ལྕམ་དབང་མོ་མཆོག་ནི་དེ་སྔ་འབྲས་ལྗོངས་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེའི་ལས་གནས་སུའང་ཕྱག་ལས་གནང་མྱོང་ཡོད་འདུག
ནང་སྲིད་བཀའ་བློན་མཆོག་ནས་བཀའ་བློན་གྱི་ལས་འཁུར་བཞེས་པ་ནས་བཟུང་་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་ ༼བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤༽ ཞེས་པ་ལག་བསྟར་བྱེད་རྒྱུར་ལས་དོན་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་གྱིས། སྲིད་བྱུས་འདི་ཉིད་འབྲས་ལྗོངས་མངའ་སྡེའི་ནང་དངོས་སུ་ལག་བསྟར་ཡོང་བའི་ལས་རིམ་ཐོག་མཇུག་སྐྱོང་གནང་བར་ཕེབས་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་གིས་ར་ཝང་ལ་བོད་མིའི་གཞིས་ཆགས་བརྒྱུད་རྒྱ་ལམ་རྒྱ་སྐྱེད་གནང་འཆར་ཡོད་པ་དེས་གཞིས་ཆགས་ལ་དོ་ཕོག་མེད་པའི་ཐོག་ལམ་ཕྱོགས་གཞན་ཞིག་ནས་འཁྲིད་ཐབས་ཡོང་སྐོར་འབོད་སྐུལ་ཞུས་པར། ལྕམ་རིན་ཆེན་དབང་མོ་མཆོག་གིས་མངའ་སྡེའི་གཞུང་ངོས་ནས་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་སྲིད་བྱུས་དེ་དག་ལག་བསྟར་གནང་རྒྱུའི་ལས་རིམ་འགྲོ་མུས་ཡིན་པ་དང་། སྲིད་བྱུས་དེ་དག་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་དཀའ་ངལ་དང་དགོས་མཁོ་གཞིར་བཟུང་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་ཡོད་པ་གསལ་པོ་ཡིན་སྐོར་དང་། འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་མངའ་སྡེའི་གཞུང་ནས་འབྲས་ལྗོངས་ཁུལ་གནས་སྡོད་བོད་མི་རྣམས་ལ་གཟིགས་རྟོག་དང་སྲིད་བྱུས་དེ་ཉིད་ལག་བསྟར་བྱེད་རྒྱུ་གྲ་སྒྲིག་དང་འདུན་པ་ཡོད་སྐོར་ཞལ་བཞེས་གནང་བར་བཀའ་བློན་མཆོག་གིས་མངའ་སྡེའི་གཞུང་ངོས་ནས་བོད་མིར་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སྲིད་བྱུས་དེ་ཉིད་ལག་བསྟར་གང་མྱུར་ཡོང་བའི་རེ་འདུན་ཞུས་ཡོད། སྐབས་དེར་བཀའ་བློན་མཆོག་དང་ལྷན་སྒང་ཏོག་ས་གནས་འགོ་འཛིན་བསྟན་འཛིན་ཚེ་དཔག་ལགས་དང་། ར་ཝང་ལ་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས། སྒང་ཏོག་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཨ་ཅཱརྱ་རིན་ཆེན་ལགས། རོགས་སྐྱོར་འབྲེལ་མཐུད་པ་ཉི་མ་དོན་གྲུབ་ལགས། སྒེར་དྲུང་བསྟན་འཛིན་བློ་གསལ་ལགས་བཅས་ལྷན་བཅར་ཞུས་ཡོད།
གཞན་ཡང་ཕྱི་ཚེས་ ༥ ཉིན་གྱི་དགོང་མོར་བཀའ་བློན་མཆོག་སྒང་ཏོག་ས་གནས་སུ་ཕེབས་འབྱོར་སྐབས་ས་གནས་བོད་རིགས་ཚོགས་པ་ཁག་དྲུག་ནས་བོད་ཀྱི་གསོལ་མགྲོན་ཁང་དུ་གསོལ་ཚིགས་གོ་སྒྲིག་ཞུས་ཡོད་པ་དང་། དེའི་རྗེས་སུ་ཚོགས་པ་ཁག་གི་འགན་འཛིན་དང་ལྷན་ཚོགས་འདུ་ཚོགས་སྐབས་བཀའ་བློན་མཆོག་གིས་སྐབས་བཅོ་ལྔ་པའི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས་དང་། སྤྱི་ནོར་༧གོས་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་མི་ནང་ཁུལ་མཐུན་སྒྲིལ་དགོས་རྒྱུ་དང་། བོད་དོན་སོར་གནས་ཐུབ་ཐབས་སུ་མི་རབས་གཞོན་པ་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་དང་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་གལ་ཆེ་ཡིན་སྐོར་ནན་བརྗོད་དང་སྦྲགས། སྒང་ཏོག་ཁུལ་གྱི་བོད་མི་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་ཁག་ལ་མཉམ་ཞུགས་དང་མཐུན་འགྱུར་ཅི་ཆེར་གནང་བར་འཚམས་འདྲི་ཞུས་ཡོད། བཀའ་བློན་མཆོག་ཕྱི་ཚེས་ ༧ ཉིན་ར་ཝང་ལ་བོད་མིའི་གཞིས་ཆགས་སུ་མཉམ་འབྲེལ་ལོ་འཁོར་ཚོགས་ཆེན་ཐེངས་ ༡༦ པའི་དབུ་འབྱེད་མཛད་སྒོའི་ཐོག་མགྲོན་འབོད་ལྟར། སྐུ་མགྲོན་གཙོ་བོར་ཕེབས་ཡོད་པ་བཅས།།