༢༠༡༦ ཟླ་ ༩ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རྡ་ས་མེག་གྷན་ཀལབ་ཧའོ་སི་ཡི་ཚོགས་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་བཙན་བྱོལ་དུ་སླར་གསོ་ཞུས་ནས་ལོ་ངོ་ ༣༢ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད། ཐེངས་འདིའི་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་ལྷ་ལྕམ་རིན་ཆེན་མཁའ་འགྲོ་མཆོག རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Mr Ajay Singh Mankotia ལགས། ཚོགས་སྐྱིད་ཁག་སྐུ་ཚབ་དང་མི་མང་སོགས་ལྷན་འཛོམས་གནང་འདུག
མཛད་སྒོའི་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མར་མེ་ཞལ་ཕྱེ་གནང་གྲུབ་བསྟུན་སྐུ་མགྲོན་དང་མི་མང་རྣམས་སྐུ་བཞེངས་ཐོག་བོད་དོན་ཆེད་དུ་རང་གི་རྩ་ཆེའི་ལུས་སྲོག་བློས་གཏོང་གནང་མཁན་དང་། གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོའི་སྙིང་སྟོབས་ཡིད་ལ་དྲན་བཞིན་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཆེད་ངག་བཅད་ཀྱི་གུས་འདུད་སྐར་མ་གཅིག་རིང་ཞུས། མཛད་རིམ་མུ་མཐུད་ཐོག་སྐུ་མགྲོན་རྣམ་པས་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་དོན། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་བོད་ཀྱི་རྒྱལ་ས་ལྷ་སའི་མི་མང་གྱེན་ལངས་དང་། དེ་ནས་ཕྱི་ཚེས་ ༡༢ ཉིན་བུད་མེད་གྱེན་ལངས་གཉིས་ཀྱི་ལོ་རྒྱུས་ཐོག་ནས་བུད་མེད་ཚོགས་པ་བྱུང་རིམ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་ལམ་སྟོན་འོག་བཙན་བྱོལ་དུ་སླར་གསོ་བྱུང་རིམ་སོགས་ཀྱི་བརྒྱུད་རིམ་ཁག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཕྲིན་དང་ཐུགས་རྗེ་བཀའ་དྲིན་བླ་མེད་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་གཙོ་གྱུར་ཁྲིམས་སྒྲིག་མང་དག་ཅིག་གཏན་འབེེབས་ཡོད་པ་རྣམས་སྤྱི་འཐུས་ལྷན་ཚོགས་ཁོ་ནའི་ཆེད་དུ་མིན་པར་རྒྱ་ཆེའི་མང་ཚོགས་ཀྱི་ཆེད་དུ་ཡིན་པས་ཚང་མས་ཐུགས་སྣང་དང་འཁུར་མཉམ་ལེན་བྱ་དགོས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་ནང་གནང་ཕྱོགས་མ་འགྲིགས་པར་དགེ་སྐྱོན་སེལ་རིགས་བྱ་དགོས་སྐབས་ཀྱང་ཁྲིམས་སྒྲིག་ལུང་འདྲེན་ཐོག་ནས་བྱ་དགོས། དེ་མཚུངས་ཚོགས་པ་སོ་སོས་ཀྱང་རང་རང་ཁྲིམས་སྒྲིག་ལ་བརྩི་སྲུང་དང་ལེན་དང་། ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་སོ་སོའི་གྲོས་ཆོད་རྣམས་ཕྱག་ལེན་མཐིལ་ཕྱིན་པ་གནང་དགོས། བོད་པའི་གནད་དོན་ཐོག་བོད་མི་རང་ཉིད་ཀྱིས་དོ་སྣང་འགན་འཁུར་བྱ་གལ་ཆེ་བ་ཡིན་སྐོར་དང་། དེའི་ཐད་ནུས་ལྡན་གྱི་ལས་འགུལ་རིགས་ཡང་ཡང་སྤེལ་གལ་སྐོར་སོགས་གསུངས་ཞིང་། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་བཅས་གནང་། མཇུག་ཏུ་རྡ་ས་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་རྒན་དབྱངས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་། དེ་རྗེས་ཐང་སྟོང་གླུ་གར་བོད་ཀྱི་འཁྲབ་སྟོན་ཚོགས་པས་སྣེ་ཁྲིད་དེ་མཛད་སྒོར་མཉམ་ཞུགས་གནང་མཁན་རྣམ་པ་བཅས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒོར་གཞས་ཤིག་འཁྲབ་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།