༢༠༡༦ ཟླ་ ༩ ཚེས་ ༡༠ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནང་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༠ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༡༡།༤༥ ཙམ་ལ་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་འཕགས་བོད་འབྲེལ་མཐུད་ལས་ཁང་། ཧིན་བོད་མཛའ་འབྲེལ་ཚོགས་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཅས་ཀྱིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་གྲོང་ཁྱེར་ཀོ་ཛི་ཀོ་ཌི་འམ་ཡང་ན་ཀ་ལི་ཀ་ཊ་ཞེས་པའི་གྲོང་ཁྱེར་གྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་དུ། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ནུབ་ཨ་ནནྡཱ་ཡོ་གི་ Dr. Anoope Ananda Yogi ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ལྷོ་ཕྱོགས་ཁུལ་གྱི་འབྲེལ་མཐུད་པ་སྐུ་ཞབས་ཇ་ཡ་པྲ་ཀཤཨུར་སུ་ Jayaprakash Urs ལགས། ཀེ་རེ་ལ་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་ཨིཁ་བྷལ་ཁན་ Iqbal Khan ལགས། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་དྲུང་གཞོན་བཀྲ་ཤིས་ཕུན་ཚོགས་ལགས། དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་བྱེད་བློ་བཟང་ལགས་བཅས་དབུ་བཞུགས་ཐོག་གསར་འགོད་གསལ་བསྒྲགས་སྤེལ་ཡོད།
དེ་ཡང་སྐབས་དེར་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༥༠ ཙམ་འདུ་འཛོམས་ཐོག ཐོག་མར་སྐུ་ཞབས་ཨ་ནུབ་ཨ་ནནྡཱ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཀྱི་དམིགས་ཡུལ་དང་མཛད་རིམ་སོགས་ངོ་སྤྲོད་གནང་། དེ་རྗེས་སྐུ་ཞབས་ཇ་ཡ་པྲ་ཀཤཨུར་སུ་ལགས་ཀྱིས་ཐེངས་འདིར་རྒྱ་གར་བཀའ་དྲིན་ཆེ། ཞེས་པའི་ཉིན་གསུམ་གྱི་ལས་འགུལ་དེ་མངའ་སྡེའི་ནང་ལོ་རྒྱུས་རང་བཞིན་ལྡན་པའི་ཨོ་ནམ་དུས་ཆེན་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན་ཐེངས་འདིར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བ་ཞིག་ཡིན་པ་དང་།
སྤྱིར་ཀེ་ར་ལ་མངའ་སྡེའི་ནང་ལ་མཚོན་ན་ཀར་ན་ཊ་ཀ་མངའ་སྡེ་དང་མི་འདྲ་བར་བོད་མི་བཙན་བྱོལ་བ་གནས་སྡོད་བྱེད་མཁན་མེད་པ་དང་། ཀར་ན་ཊ་ཀ་མངའ་སྡེར་མཚོན་ན་མངའ་གཞུང་གིས་དེ་སྔ་བོད་མི་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མི་རྣམས་བཙན་བྱོལ་དུ་འབྱོར་མཚམས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཅི་ལིངྒབ་པ་མཆོག་གིས་ས་ཆ་ཨེ་ཀར་ ༥༠༠༠ ཙམ་དང་སྡོད་ཁང་སོགས་ཀྱི་མཐུན་འགྱུར་གནང་བ་དང་། ད་ལྟའི་ཆར་མངའ་སྡེའི་ནང་བོད་མི་ ༢༢༠༠༠ གནས་སྡོད་བྱེད་བཞིན་ཡོད་པ་མ་ཟད། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཡན་ལག་བཞི་ཡོད་པར་བརྟེན་ས་གནས་ཡུལ་མི་ཚོས་བོད་ཀྱི་གནད་དོན་དང་༸གོང་ས་མཆོག དེ་བཞིན་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་རྒྱུས་མངའ་ཡོད་ཀྱང་། ཀེ་ར་ལ་མངའ་སྡེ་ལྟ་བུར་མཚོན་ན་དེ་ལྟར་མེད་སྟབས་ལྷོ་ཕྱོགས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་ས་གནས་ཡུལ་མི་རྣམས་ལ་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེའི་གནད་དོན་ཞིག་ལ་ངོས་འཛིན་གྱིས་གཞི་རིམ་ནས་དྲིལ་བསྒྲགས་སྤེལ་ཆེད་སློབ་གྲྭ་དང་མཐོ་སློབ་སོགས་ནས་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུའི་འཆར་གཞི་བང་སྒྲིག་ཡོད་སྐོར་སོགས་ངོ་སྤྲོད་གནང་རྗེས།
ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ནས་ཐེངས་འདིར་ཀེ་ར་ལའི་ནང་ཨོ་ནམ་དུས་ཆེན་དང་སྟབས་བསྟུན་ཕྱི་ཚེས་ ༡༡ ནས་ ༡༣ བར་རྒྱ་གར་ཀའ་དྲིན་ཆེ། ཞེས་པའི་ཉིན་གསུམ་གྱི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྐབས་ཕྱི་དྲིལ་ལས་ཁུངས་ནས་ད་ལྟའི་བོད་ནང་གི་གནས་སྟངས་དང་། འཕགས་བོད་འབྲེལ་ལམ་བཅས་བརྗོད་གཞི་ཁག་གཉིས་ཀྱི་ཐོག་པར་རིས་འགྲེམས་སྟོན་གནང་རྒྱུ་མ་ཟད། བོད་དོན་དངོས་བྱུང་གློག་བརྙན་དང་བོད་དོན་གཏམ་བཤད་ཁག་གཅིག དེ་བཞིན་རྡ་ས་དབུས་བོད་ཀྱི་སྨན་རྩིས་ཁང་དང་སེ་ཀུན་དར་བྷ་ཌི་ Secunderabad གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་སྨན་རྩིས་ཡན་ལག་སྨན་ཁང་བཅས་ཀྱི་སྨན་པས་བོད་ལུགས་གསོ་བ་རིག་པའི་སྒོ་ནས་རིན་མེད་བརྟག་དཔྱད་གནང་རྒྱུ། དེ་བཞིན་སྦེང་ལོར་བོད་ཁྱིམ་སློབ་ཁང་ནས་སློབ་མ་ཁག་གཅིག་ནས་བོད་ཀྱི་གཞས་སྣ་འཁྲབ་སྟོན་གནང་རྒྱུ་སོགས་ངོ་སྤྲོད་གནང་ཡོད་པ་བཅས།།