ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནང་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༢༦ ཟླ་ ༩ ཚེས་ ༡༣ ཉིན་ཀེ་ར་ལའི་གྲོང་ཁྱེར་ཀོ་ཌི་ཀོ་ཌ་འམ་ཀེ་ལི་ཀ་ཌའི་ནང་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་སོགས་ཚོགས་པ་བཞིའི་གོ་སྒྲིག་འོག་བོད་དོན་དྲིལ་བསྒྲགས་ལས་འགུལ་ཉིན་མཐའ་མའི་སྐབས་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་མཆོག་དང་། ཀེ་ར་ལའི་མངའ་སྡེའི་བྷི་ཇི་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀུ་མ་ནམ་ར་ཇ་ཤེ་ཀ་རན་ Kerala BJP President Mr Kummanum Rajashekharan མཆོག དེ་བཞིན་ཀེ་ར་ལའི་མངའ་སྡེའི་བྷེ་ཇི་པི་ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ལྷོ་ཕྱོགས་ཁུལ་གྱི་འབྲེལ་མཐུད་པ་སྐུ་ཞབས་ཇེ་བི་ཨུར་སུ་མཆོག ཀེ་ལི་ཀ་ཌི་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨཱ་ནནྡ་ཡོ་གི་ལགས། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་སོགས་དབུ་བཞུགས་ཐོག་ཐོག་མར་སྐུ་ཞབས་ཨཱ་ནནྡ་ཡོ་གི་ལགས་ཀྱིས་ངོ་སྤྲོད་གནང་རྗེས་རིན་ཆེན་མཁའ་འགྲོ་མཆོག་གིས་གསུང་བཤད་གནང་དོན། བོད་མི་རྣམས་༧གོང་ས་མཆོག་གིས་དབུ་ཁྲིད་འོག་རྒྱ་གར་དུ་བྲོས་བྱོལ་ལ་འབྱོར་ནས་མི་ལོ་ ༥༨ འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩

ཀེ་ར་ལའི་མངའ་སྡེའི་བྷི་ཇི་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀུ་མ་ནམ་ར་ཇ་ཤེ་ཀ་རན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
ལོར་བོད་དབང་བསྒྱུར་བྱས་རྗེས་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་སོགས་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པར་བརྟེན་སྔ་མོ་འཕགས་བོད་ཡུལ་གྲུ་གཉིས་ལོ་རྒྱུས་ཐོག་ཆོས་དང་རིག་གཞུང་། དེ་བཞིན་ཚོང་འབྲེལ་སོགས་འབྲེལ་ལམ་ཧ་ཅང་བཟང་པོ་ཡོད་པ་དེ་དག་སླར་གསོ་ཡོང་ཐབས་བྱ་རྒྱུ་ང་ཚོའི་ལས་འགན་ཡིན། དེ་སྔ་དུས་ལོག་མ་བྱུང་སྔོན་བོད་ནས་རྒྱ་གར་ལ་ཚྭ་དབོར་འདྲེན་བྱས་པ་སོགས་ཚོང་ལས་ཧ་ཅང་ཡོད་པ་མ་ཟད། རྒྱ་གར་ནས་བོད་ནང་འབྲས་དབོར་འདྲེན་བྱེད་སྲོལ་སོགས་ཡུལ་གྲུ་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་སོགས་གང་ཡང་མེད་པར་ཧ་ཅང་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་བྱས་ཡོད་སྐོར་གསུངས།
གཞན་ཡང་ཁོང་གིས་དེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཐད་ཀར་གདོང་ཐུག་བྱུང་བར་བརྟེན་ས་མཚམས་སྲུང་སྐྱོབ་ཆེད་འགྲོ་སོང་ཕོན་ཆེ་གཏང་དགོས་པ་དང་། དུས་རྟག་ཏུ་འཇིགས་སྣང་དང་དངངས་སྐྲག་འོག་གནས་དགོས་པའི་གནས་སྟངས་འདི་ལྟར་ཆགས་ཡོད། ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་བྱུང་ཡོད། སྐབས་དེར་རྒྱ་གར་ལ་ཕམ་ཉེས་ཧ་ཅང་བྱུང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བྲོས་བྱོལ་ལ་ཆིབས་བསྒྱུར་བསྐྱངས་སྐབས་རྒྱ་གར་སྲིད་བློན་པཎྜིཏ་ནེ་རུ་མཆོག་གིས་མགྲོན་པོ་དམིགས་བསལ་བ་ཞིག་ལ་ངོས་འཛིན་གྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། དུས་དེ་ནས་བཟུང་ད་བར་བོད་མི་འབུམ་གཅིག་ལྷག་ཙམ་རྒྱ་གར་ནང་བཙན་བྱོལ་དུ་གནས་བཞིན་ཡོད། ང་ཚོ་རྒྱ་གར་ཡུལ་མི་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོས་ངེས་པར་དུ་བོད་དོན་ལ་དོ་སྣང་བྱས་ནས་བོད་མིའི་བདེན་པའི་མཐའ་མགྱོགས་ནས་མྱུར་དུ་གསལ་ཐུབ་རྒྱུར་རོགས་རམ་བྱེད་དགོས།
ང་ཚོ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ལྟ་བུར་མཚོན་ན། ང་ཚོས་༧གོང་ས་མཆོག་དང་རྒྱ་ནག་གཞུང་དབར་གྲོས་མོལ་གྱི་ལམ་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་ཀྱི་གནད་དོན་གསལ་ཐབས་ཆེད་རྒྱ་གར་གཞུང་གིས་རྒྱ་ནག་གཞུང་ལ་རེ་འདུན་འདོན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀུ་མ་ནམ་ར་ཇ་ཤེ་ཀ་རན་ Kerala BJP President Mr Kummanum Rajashekharan མཆོག་གིས་གསུང་བཤད་གནང་སྐབས། རྒྱ་ནག་དམར་ཤོག་ཚོགས་པས་བོད་ས་དབང་བསྒྱུར་བྱས་པ་ཙམ་དུ་མ་ཟད། བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པར་རྩ་མེད་དུ་གཏོང་རྒྱུའི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་བཞིན་པ་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ཞེས་དང་། རྒྱ་གར་གྱི་ས་མཚམས་དང་རྒྱལ་ནང་དུ་ཞི་བདེ་གཏན་ལྷིང་དགོས་ན་ང་ཚོས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་དགོས།
༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱ་གར་གྱི་སྐུ་མགྲོན་ཡིན་པ་དང་། ཁོང་ནི་འཛམ་གླིང་ཁྱོན་དུ་ཞི་བདེའི་དབུ་ཁྲིད་སྙན་གྲགས་ཅན་ཞིག་ཡིན་སྐོར། དེ་བཞིན་འཛམ་གླིང་ནང་རྒྱལ་ཁབ་སྟོབས་ཆེ་བས་ཆུང་བར་ཧམ་ཟ་བྱས་པ་དང་བརྙས་བཅོས་བྱས་པ་སོགས་བྱུང་སྐབས་འཛམ་གླིང་རྒྱལ་ཁབ་གཞན་ཚོས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད། འོན་ཀྱང་བོད་ནང་རྒྱ་ནག་གཞུང་གིས་བཙན་འཛུལ་བྱེད་སྐབས་སུས་ཀྱང་ཁ་མ་གྲག་པ་དེར་རྒྱུ་མཚན་གང་ཡོད། བོད་ནི་དུས་རྟག་ཏུ་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པར་བརྟེན་བོད་མི་ཚོར་རོགས་རམ་བྱ་རྒྱུ་ང་ཚོའི་ལས་འགན་རེད།
ང་ཚོ་ཀེ་ར་ལ་བྷི་ཇེ་པི་ཆབ་སྲིད་ཚོགས་པས་སྲིད་བློན་མོ་དི་མཆོག་ལ་བོད་དོན་ཆེད་བཀའ་མོལ་ཤུགས་ཆེ་ཙམ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཀེ་ར་ལ་མངའ་སྡེའི་གྲོས་ཚོགས་ནང་ལ་མཚོན་ན་དམར་ཤོག་ཚོགས་པ་ཡོད། དམར་ཤོག་ཚོགས་པས་རྒྱ་ནག་དང་བསྟུན་མཁས་གང་ཐུབ་བྱས་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། བོད་དོན་ཆེད་རྒྱབ་སྐྱོར་བྱ་རྒྱུ་ནི་བོད་མི་ཙམ་གྱི་ཁེ་ཕན་ཆེད་དུ་མིན་པར་རྒྱ་གར་གཞུང་མང་གཉིས་ཀའི་ཁེ་ཕན་ཆེད་ཡིན་སྐོར་སོགས་གསུངས། དེ་རྗེས་སྐུ་མགྲོན་རྣམས་ལ་ལེགས་སྐྱེས་མཇལ་དར་དང་བོད་ཀྱི་བྱུང་རབས་ལོ་རྒྱུས་སྐོར་གྱི་རི་མོའི་དེབ་རེ་ཕུལ་ནས་ཐེངས་འདིའི་ཀེ་ར་ལའི་མངའ་སྡེའི་གྲོང་ཁྱེར་ཀ་ལི་ཀཌ་ནང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་རེ་ཞིག་མཇུག་སྒྲིལ་ལེགས་གྲུབ་བྱུང་ཡོད།
དེ་བཞིན་ཕྱི་ཚེས་ ༡༤ ཉིན་ཀེ་ར་ལའི་མངའ་སྡེའི་བྷི་ཇི་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀུ་མ་ནམ་ར་ཇ་ཤེ་ཀ་རན་མཆོག་གིས་བོད་དོན་དྲིལ་བསྒྲགས་ཆེད་བཅར་མཁན་ཡོངས་ལ་གསོལ་ཚིགས་ཆེད་གདན་ཞུས་གནང་འདུག་པ་བཅས།།