༢༠༡༦ ཟླ་ ༨ ༩ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༢ ནས་ ༡༩ བར་༧སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕ་རན་སིར་ཆིབས་སྒྱུར་བསྐྱང་སྐབས་ཕ་རན་སིའི་སྲིད་འཛིན་སྐུ་ཞབས་ཕ་རན་སུ་བ་ཨོ་ལན་ Francois Hollande མཆོག་ནས་མཇལ་འཕྲད་གནང་དགོས། ཞེས་ཡུལ་དེར་རྟེན་གཞི་བྱས་པའི་ Association Tibet Libre ཚོགས་པ་གཙོ་བོར་གྱུར་བའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཉི་ཤུ་ལྷག་ཙམ་གྱིས་སྲིད་འཛིན་མཆོག་ལ་ཞུ་སྙན་ཞིག་ཕུལ་འདུག
དེ་ཡང་ཞུ་སྙན་དེའི་ནང་ཞི་བདེའི་མཚོན་རྟགས་དང་ཆོས་ལུགས་མཐུན་སྒྲིལ་མཛད་མཁན་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་སྲིད་འཛིན་ཕ་རན་སུ་བ་ཨོ་ལན་མཆོག་རྣམ་གཉིས་མཇལ་འཕྲད་ཀྱིས་མང་ཚོགས་མདུན་དུ་ཉེ་ལམ་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་དང་འཚེ་བའི་དྲག་སྤྱོད་ལ་བརྟེན་དཀའ་སྡུག་མྱོང་བཞིན་པའི་ཕ་རན་སིའི་མི་མང་ལ་ཞི་བདེ་དང་མཛའ་མཐུན། དེ་བཞིན་རྒྱལ་ཁབ་ཀྱི་མཛེས་སྡུག་སླར་གསོ་ཆེད་མི་མང་ལ་བློ་སྟོབས་སྤེལ་དགོས་པའི་འབོད་སྐུལ་ཞུས་པ་དང་སྦྲགས།
དེ་སྔ་ཕྱི་ལོ་ ༢༠༠༨ ལོར་ཕ་རན་སིའི་སྲིད་འཛིན་སྐུ་ཞབས་ནི་ཁོ་ལ་སི་སར་ཀོ་ཛི་ Nicolas Sarkozy མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་པ་མ་ཟད། ཉེ་ཆར་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷཱ་རག་ཨོ་བྷ་མ་མཆོག་ནས་ཀྱང་ཨ་རིའི་ཕོ་བྲང་དཀར་པོའི་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུས་ནས་མཇལ་མོལ་གནང་ཡོད། དེར་བརྟེན་ཐེངས་འདིར་ཕ་རན་སིའི་སྲིད་འཛིན་མཆོག་ནས་ཀྱང་འཛམ་གླིང་གི་དབུ་ཁྲིད་གཞན་ལྟར་བོད་དོན་བདེན་མཐའ་གསལ་ཆེད་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་སྐྱར་གསོ་གང་མགྱོགས་བྱེད་དགོས་པའི་རེ་འདུན་འདོན་དགོས་པ་ཞུ་སྙན་ནང་འཁོད་འདུག
དེ་ཡང་ཞུ་སྙན་དེའི་ནང་འཁོད་དོན། ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གྱི་མཚོན་རྟགས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆོས་ལུགས་ཕན་ཚུན་ཙམ་མ་ཟད། ཆོས་ཁས་མི་ལེན་མཁན་དང་ཆོས་པའི་དབར་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་ཞུ་ཐུབ་པའི་གནས་སྟངས་ཤིག་བསྐྲུན་ཐབས་མཛད་བཞིན་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༩ ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་པེ་རི་སི་Paris དང་སི་ཊར་སི་བྷག་ Strasbourg ཏུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་པར་བརྟེན། ཁོང་གི་བཀའ་སློབ་ལམ་སྟོན་འོག་ང་ཚོའི་སྤྱི་ཚོགས་དང་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་དང་ཞི་བདེ་བརྟན་ལྷིང་ཡོང་ཐུབ་རྒྱུར་ཕན་ཐོག་ཡོང་། ཞེས་འཁོད་འདུག