༢༠༡༦ ཟླ་ ༩ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༤ ཉིན་ཡེ་ཤུའི་བླ་ཆེན་པོབ་ཕ་རན་སི་སི་མཆོག་གིས་ཡེ་ཤུའི་ཆོས་པ་ཨ་མ་ཏེ་རེ་ས་ Mother Teresa དམ་པ་མཆོག་འདས་གྲོངས་སུ་གྱུར་ནས་ལོ་ངོ་ ༡༩ རྗེས་ལ་ཡེ་ཤུའི་སྐྱེས་ཆེན་དམ་པའི་ Saint མཚན་གནས་ཕུལ་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཧ་ཅང་དགྱེས་ཚོར་བྱུང་ཡོད་སྐོར་གྱི་གསུང་འཕྲིན་ཞིག་ཕྱི་ཚེས་ ༥ ཉིན་ཨ་མ་ཏེ་རེ་ས་དམ་པ་དེ་ཉིད་ཀྱིས་བཙུགས་པའི་ཡེ་ཤུའི་དགེ་རྩའི་ Mother Superior མཚན་ཐོག་ཏུ་སྩལ་འདུག
དེ་ཡང་གསུང་འཕྲིན་ནང་འཁོད་དོན། ཨ་མ་ཏེ་རེ་ས་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོའི་རིང་འགྲོ་བ་མི་རིགས་སྤྱི་དང་། ལྷག་པར་མགོན་སྐྱབས་བྲལ་བའི་ཉམ་ཐག་དབུལ་ཕོངས་རྣམས་ལ་བྱམས་སྐྱོང་གནང་བའི་མཛད་བཟང་དེར་ངོས་ཀྱིས་རྟག་ཏུ་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད་སྟབས། ཐེངས་འདིར་དམ་པ་ཁོང་ལ་ཡེ་ཤུའི་སྐྱེས་ཆེན་དམ་པའི་མཚན་གནས་ཕུལ་བར་ཁྱེད་རྣམས་དང་ལྷན་ངོས་རང་ཡང་དགའ་སྤྲོ་འཕེལ་ཞིང་སྐྱེས་ཆེན་དམ་པ་ཁོང་གི་ཁྱད་དུ་འཕགས་པའི་སྐུ་ཚེའི་མཛད་པ་རྣམས་རྗེས་དྲན་ཞུ་བཞིན་ཡོད། ཁོང་དང་མཇལ་བ་ཙམ་གྱིས་གང་ཟག་མིག་དཔེ་འོས་པ་ཞིག་རེད་འདུག་སྙམ་པའི་ཚོར་བ་གསལ་པོ་བྱུང་བ་མ་ཟད། སྔ་ལོར་ངོས་རང་ཆེད་མངགས་གྲོང་ཁྱེར་ཀ་ལི་ཀ་ཏར་རྟེན་གཞི་བྱས་པའི་ཨ་མ་ཏེ་རེ་ས་དམ་པ་ཁོང་གི་དགེ་རྩ་ཚོགས་པ་ Missionaries of Charity ཞེས་པ་དེར་བསྐྱོད་ནས་དམ་པ་ཁོང་དང་ཁོང་གི་ཕྱག་རོགས་ཡེ་ཤུའི་བཙུན་མ་རྣམས་ཀྱིས་མཛད་རྗེས་ལ་གུས་འདུད་ཞུ་སྐབས་སླར་ཡང་ཚོར་བ་དེ་འདྲ་ཞིག་སྐྱེས་བྱུང་། སྐྱེས་ཆེན་དམ་པ་ཁོང་གིས་དོན་དམ་གྱི་བྱམས་བརྩེ་ཇི་ཡིན་དགེ་རྩའི་ལས་གཞི་བརྒྱུད་བསྟན་གནང་ཡོད། ད་ཆ་སྐྱེས་ཆེན་དམ་པ་ཁོང་ང་ཚོ་དང་ལྷན་སྐུ་འཚོ་བཞུགས་མེད་ཀྱང་ཁོང་གི་སྙིང་སྟོབས་དང་ལྷག་བསམ་ཁྱེད་རྣམ་པའི་ཕྱག་ལེན་ཐོག་ནས་རྒྱུན་མཐུད་འཚོ་གནས་བྱ་རྒྱུ་རེད། ཅེས་འཁོད་པ་མ་ཟད། མཐར་མགོན་པོ་གང་ཉིད་མཆོག་གིས་ཇི་སྲིད་དབུལ་ཕོངས་ནམ་གནས་བར་དེ་སྲིད་དུ་དགེ་ རྩ་ཚོགས་པའི་ལས་དོན་མུ་མཐུད་རྒྱུན་སྐྱོང་ཡོང་བའི་ཐུགས་སྨོན་ཡང་མཛད་ཡོད་པ་བཅས།།
གསུང་འཕྲིན་ངོ་མ་ཨིན་ཡིག་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་དེར་རྩ་འཛིན་ཡོང་བ་ཞུ།