༢༠༡༦ ཟླ་ ༩ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་རྒྱལ་ཁབ་པོ་ལན་ཌིའི་ Wroclaw གྲོང་ཁྱེར་ནས་རྒྱང་ཐག་སྤྱི་ལེ་ ༥༠ སར་ཆགས་པའི་ Swidnica གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཞི་བདེའི་མཆོད་ཁང་ Church of Peace ཞེས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གཅེས་ནོར་དུ་ངོས་འཛིན་གནང་བཞིན་པའི་ཡི་ཤུའི་ལྷ་ཁང་དུ་ཆིབས་སྒྱུར་བསྐྱངས། དེ་ཉིན་གྱི་མཛད་འཕྲིན་མ་བསྐྱངས་གོང་ཐོག་མར་པོ་ལན་ཌིར་གནས་སྡོད་བྱེད་བཞིན་པའི་བོད་མི་དང་སོག་པོ་མི་གྲངས་ ༣༠ ལྷག་གིས་མཇལ་ཁ་ཞུ་སྐབས་བཀའ་སློབ་སྩལ་དོན། བོད་ལ་འཛམ་གླིང་ཡང་ཐོག་དང་སྤྱན་རས་གཟིགས་ཀྱི་འདུལ་ཞིང་། ཞེས་འབོད་སྲོལ་ཡོད། ང་ཚོ་བོད་མི་ཚོར་མཚོན་ན་བོད་པ་རང་གི་སྐད་དང་ཡི་གེ་ཡོད།
དེང་སྐབས་ནང་པ་སངས་རྒྱས་པའི་ཆོས་ཚུལ་འགྲེལ་བཤད་ཡང་དག་པ་ཞིག་རྒྱག་དགོས་ན་བོད་སྐད་ལས་ལྷག་པ་ཧ་ལམ་མེད། སྔ་མོ་བོད་པ་འགའ་ཤས་རང་ཉིད་བོད་ནས་ཡོང་བ་ཡིན། ཞེས་བརྗོད་རྒྱུར་ངོ་ཚ་བྱེད་མཁན་དེ་འདྲ་བྱུང་བ་རེད། འོན་ཀྱང་དེ་སྐབས་དེ་འདྲ་བྱེད་མཁན་མེད། ང་ཚོ་བོད་མི་ཡིན་བསམས་པའི་འདེངས་སྤོབས་བྱ་རྒྱུ་དེར་རྒྱུ་མཚན་ཆ་ཚང་ཡོད། རྒྱུ་མཚན་དང་གོམས་འདྲིས་ལ་གཞི་བཅོལ་ནས་ང་ཚོའི་རྒྱུད་ལ་བྱམས་བརྩེའི་ས་བོན་ཡོད་པ་དེ་རྒྱ་སྐྱེད་གཏོང་ཐབས་བྱེད་དགོས། ང་ཚོའི་བཀའ་འགྱུར་བསྟན་འགྱུར་གྱི་གཞུང་དེ་ཚོའི་ནང་དུ་ནང་པའི་ཚན་རིག་དང་ལྟ་གྲུབ། དེ་བཞིན་ནང་ཆོས་ཉམས་ལེན་གྱི་སྐོར་ཧ་ཅང་ཕྱུག་པོ་ཡོད། ཉེ་ལམ་ང་ཚོས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་གཉིས་དང་བསྡུས་པ་བཅས་བཏོན་ཟིན་པ་རེད། དེ་དག་རིམ་བཞིན་ཨིན་སྐད་དང་རྒྱ་སྐད། འཇར་མན་སོགས་ནང་བསྒྱུར་རྒྱུའི་ལས་རིམ་ཞིག་བང་སྒྲིག་ནས་ཡོད། དུས་ཚོད་བྱུང་ན་ཁྱེད་ཚོས་ཀྱང་དེབ་དེ་དག་བཀླག་ནས་གོ་བསྡུར་བྱེད་ཐུབ་ན་ཕན་ཐོགས་ཡོད། ཅེས་བཀའ་སློབ་སྩལ་བསྟུན་སོག་རིགས་རྣམས་ལ་བཀའ་སློབ་སྩལ་སྐབས་སོག་ཡུལ་དུ་དར་ལམ་བརྒྱུད་སངས་རྒྱས་ཀྱི་བསྟན་པ་ཐོག་མ་དར་ཚུལ་དང་། བར་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་ཚུལ།
དེ་རྗེས་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་མཛད་ཚུལ་སྐོར། དེ་བཞིན་མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༡༩༧༩ ལོར་སོག་ཡུལ་དུ་ཆིབས་སྒྱུར་ཐེངས་དང་པོ་བསྐྱངས་གནང་མཛད་སྐབས་དགའ་ལྡན་ཐེག་ཆེན་གླིང་དུ་བརྟན་བཞུགས་འབུལ་སྐབས་ཚོགས་བཅར་བ་ཚང་མས་མིག་ནས་མཆི་མ་བཏང་བ་དེ་འདྲ་བྱུང་སྐོར་དང་། དེ་བཞིན་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ལྟ་བུར་མཚོན་ན་སོག་ཡུལ་དུ་བཞུགས་པ་ཙམ་དུ་མ་ཟད། སོག་སྐད་མཁྱེན་གྱི་ཡོད་པ་དང་། བོད་སོག་གཉིས་ལོ་རྒྱུས་ཐོག་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པ། དེ་བཞིན་༸གོང་ས་མཆོག་ལ་མཚོན་ན་སྟོང་ཉིད་ལྟ་བར་དེ་སྔ་ལོ་ངོ་ ༦༠ རིང་གོམས་འདྲིས་བསྟེན་གནང་མཛད་པའི་རྐྱེན་དེ་ཡང་སོག་པོའི་མཚན་ཞབས་དངོས་གྲུབ་ཚོགས་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་དེ་ལྟར་བྱུང་བ་ཞིག་ཡིན་སྐོར་བཀའ་སློབ་སྩལ་རྗེས་ཞི་བདེའི་མཆོད་ཁང་དུ་ཆིབས་སྒྱུར་བསྐྱངས།། །