༢༠༡༦ ཟླ་ ༩ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་ཕྱི་ཟླ་ ༩ ཚེས་ ༦ རེས་གཟའ་མིག་དམར་གྱི་ཉིན་གུང་ཆུ་ཚོད་ ༡༢།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཡུ་རོབ་ཡུལ་གྲུ་སྦེལ་ཇམ་དང་ཕ་རན་སི། པོ་ལེན་ཌི་བཅས་སུ་མཛད་འཕྲིན་རྒྱ་ཆེ་བསྐྱང་ཆེད་ཆིབས་སྒྱུར་བསྐྱངས་ཡོད། ཕྱི་ཚེས་ ༨ ཉིན་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས། ཕྱི་ཚེས་ ༩ ནས་ ༡༡ བར་ཁུལ་དེའི་བྷོ་ཛར་སྒྱུ་རྩལ་བསྟི་གནས་ཁང་དུ་ Bozar Center for Fine Art སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད།
ཕྱི་ཚེས་ ༡༢ ཉིན་སྦར་སེལ་ནང་ས་ཕྱོགས་འདྲ་མིན་ནས་ཡིན་པའི་གཞོན་སྐྱེས་འཛིན་སྐྱོང་གཙོ་འཛིན་པ་ཁག་གཅིག་བཀའ་སློབ་སྩལ། ཕྱི་ཚེས་ ༡༣ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་ཁྲིམས་རྩོད་པའི་ལྷན་ཚོགས་ཀྱི་ཚོགས་མི་དང་། ས་གནས་ཀྱི་གསར་འགོད་པ་ཁག་གཅིག དེ་བཞིན་ས་གནས་བོད་རིགས་རྣམས་ལ་བཀའ་སློབ་སྩལ། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་དང་སྐུ་ཚབ་སུམ་ཅུ་ཙམ་དང་ལྷན་ཞོགས་ཟས་ལྷན་བཞེས་དང་བཀའ་སློབ་སྩལ་ཡོད། དེ་རྗེས་ཆོས་ལུགས་འདྲ་མིན་གྱི་བགྲོ་གླེང་ལྷན་ཚོགས་ཐོག་ལྷན་ཞུགས་མཛད།
ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཕ་རན་སིའི་སི་ཊ་སི་བྷག་གྲོང་ཁྱེར་ནང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Martin Schultz མཆོག་དང་ལྷན་མཇལ་འཕྲད་མཛད། ཕྱི་ཚེས་ ༡༦ ཉིན་སི་ཊར་སི་བྷག་གཙུག་ལག་སློབ་གཉེར་ཁང་དུ་ལུས་སེམས་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐོག་ལྷན་ཞུགས་མཛད།
ཕྱི་ཚེས་ ༡༧ ཉིན་༸གོང་ས་མཆོག་གིས་མང་ཚོགས་ ༨༥༠༠ བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་། ཕྱི་ཚེས་ ༡༨ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ།
ཕྱི་ཚེས་ ༡༩ ཉིན་༸གོང་ས་མཆོག་སི་ཊར་སི་བྷག་ནས་པོ་ལེན་ཌིར་ཆིབས་སྒྱུར་བསྐྱངས་ནས་པོ་ལན་ཌིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་མཛད། ཕྱི་ཚེས་༢༠ ཉིན་པོ་ལེན་ཌིའི་གྲོང་ཁྱེར་ Wroclaw ནང་བཟོད་སྲན་དང་སྡུམ་སྒྲིག་ Forgiveness and Reconciliation ཅེས་པའི་བརྗོད་གཞི་དང་འབྲེལ་བའི་འགྲེམས་སྟོན་གཟིགས་སྐོར་མཛད་པ་དང་སྦྲགས། Depot History Centre ཞེས་པར་རང་དབང་གི་སྐོར་བཀའ་སློབ་སྩལ།
ཕྱི་ཚེས་ ༢༡ ཉིན་བོད་མི་དང་སོག་པོར་མཇལ་ཁ་དང་བཀའ་སློབ། དེ་བཞིན་ཡུ་རོབ་རྒྱལ་ཁབ་པོ་ལན་ཌིའི་ Wroclaw གྲོང་ཁྱེར་ནས་རྒྱང་ཐག་སྤྱི་ལེ་ ༥༠ སར་ཆགས་པའི་ Swidnica གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཞི་བདེའི་མཆོད་ཁང་ Church of Peace ཞེས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གཅེས་ནོར་དུ་ངོས་འཛིན་གནང་བཞིན་པའི་ཡི་ཤུའི་ལྷ་ཁང་དུ་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཧ་ཅང་རྒྱ་ཆེ་བསྐྱངས་གྲུབ་བསྟུན། ཕྱི་ཚེས་ ༢༣ ཉིན་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་བཅས། །