༢༠༡༦ ཟླ་ ༩ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢ ཉིན་བོད་གཞུང་མང་ཡོངས་ཀྱི་མང་གཙོའི་ཉིན་མོ་སྲུང་བརྩིའི་མཛད་སྒོ་དང་སྟབས་བསྟུན། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་སྐབས། དམིགས་བསལ་ལས་འགུལ་མང་དག་སྤེལ་ཡོད་པའི་ཁོངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ཆེན་མོའི་ནང་ཚན་རིག་དང་། སྒྱུ་རྩལ། ཚོང་རིག་བཅས་སློབ་ཚན་སྡེ་ཁག་སོ་སོའི་ནང་ནས་སྦྱང་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་རྣམས་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཞེས་པ་ལོ་ལྟར་གནང་མུས་ཡིན་པ་མ་ཟད། འདི་ལོ་བྱ་དགའ་གནང་ཐེངས་ ༡༥ པ་ཆགས་ཡོད།
གཟེངས་རྟགས་འདིའི་དམིགས་ཡུལ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་རྗེས་དྲན་དང་། གཞན་ཡང་གཞི་རིམ་སློབ་གྲྭའི་སློབ་ཚན་སྡེ་ཁག་གསུམ་གྱི་ནང་གྲུབ་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་གསུམ་ལ་ལེགས་གསོལ་གཟེངས་བསྟོད་ཕྱག་འཁྱེར་གནང་སྟེ། བོད་ཕྲུག་ཡོངས་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་སེམས་ཤུགས་སྤར་རྒྱུ་དང་མིག་དཔེ་བཟང་པོ་སྟོན་ཐབས་ཆེད་ཡིན་འདུག ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་བཀའ་ཤག་སྐབས་ ༡༤ པས་ལས་དོན་ཚང་མའི་ནང་ནས་ཤེས་ཡོན་གལ་ཆེ་ཤོས་བརྩིས་གནང་གི་ཡོད་པ་ལྟར་མཐོ་རིམ་སློབ་ཡོན་སྤར་ཆ་གནང་བ་དང་འབྲེལ། དགའ་ལྡན་ཕོ་བྲང་གཟེངས་རྟགས་འདི་བཞིན་སློབ་ཚན་སྡེ་ཁག་གསུམ་གྱི་སློབ་མ་རྩེ་ཕུད་གསུམ་རེ་བྱས་ཏེ་སློབ་ཕྲུག་དགུ་སྤར་ཆ་གནང་བ་དང་དངུལ་གྱི་བྱ་དགའ་ཡང་སྒོར་ ༥༠༠༠ ནས་སྤར་ཆ་གནང་སྟེ་ཨང་རིམ་དང་པོར་སྒོར་ ༢༠༠༠༠ དང་། ཨང་རིམ་གཉིས་པར་སྒོར་ ༡༥༠༠༠། ཨང་རིམ་གསུམ་པར་ ༡༠༠༠༠ བར་སྤར་ཆ་གནང་ཡོད།
འདི་ལོའི་གཟེངས་རྟགས་ཐེངས་ ༡༥ པ་འདི་བཞིན་ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་གྲུབ་འབྲས་རྩེ་ཕུད་སོན་པ་དགུ་ལ་ལེགས་སྐྱེས་ཕྱག་འཁྱེར་དང་བྱ་དགའ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གནང་ཡོད།
རྩེ་ཕུད་སློབ་མ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།
སློབ་ཚན་སྡེ་ཁག་གསུམ་ཡོད་པ་ནས་ཨང་རིམ་དང་པོ་ལོན་པའི་སློབ་ཕྲུག་རྣམས་གཤམ་གསལ།
ཀ༽ ཚན་རིག་སློབ་ཚན་ཁོངས་ནས་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་མཚོ་མོ་ལགས། བརྒྱ་ཆ་ ༩༤།༢ ཐོབ་ཡོད་པ་དང། འདི་ལོ་ཁོ་མོ་ལོ་གཅིག་བར་མཚམས་བསྡད་ཡོད་འདུག
ཁ༽ སྒྱུ་རྩལ་སློབ་ཚན་ཁོངས་ནས་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཕུན་ཚོགས་ལགས། བརྒྱ་ཆ་ ༩༢་༨ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཀི་རོ་རི་མལ་ (Kirori Mal) མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་ཡོད།
ག༽ ཚོང་རིག་སློབ་ཚན་ཁོངས་ནས་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ནོར་སྒྲོན་ལགས། བརྒྱ་ཆ་ ༨༨ ཐོབ་ཡོད་པ་དང་། ད་ལྟ་རྒྱ་གར་རྒྱལ་ས་ལྡི་ལིའི་ཧིན་དུ་(Hindu) མཐོ་སློབ་ཏུ་B.Sc Honors(Statistics) སློབ་སྦྱོང་བྱེད་བཞིན་ཡོད།
སློབ་ཚན་སྡེ་ཁག་གསུམ་ཡོད་པ་ནས་ཨང་རིམ་གཉིས་པ་ལོན་པའི་སློབ་ཕྲུག་རྣམས་གཤམ་གསལ།
ཀ༽ ཚན་རིག་སློབ་ཚན་ཁོངས་ནས་ཀ་སྦུག་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་བདེ་ཆེན་ལགས། བརྒྱ་ཆ་ ༩༡ ཐོབ་ཡོད་པ་དང། འདི་ལོ་ཁོ་མོ་ལོ་གཅིག་བར་མཚམས་བསྡད་ཡོད་འདུག
ཁ ༡༽ སྒྱུ་རྩལ་སློབ་ཚན་ཁོངས་ནས་སུ་ཇཱ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བུ་འཁྲིད་ལགས། བརྒྱ་ཆ་ ༩༡།༦ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་རྒྱལ་ས་ལྡི་ལིའི་ཨིན་ད་ར་པྲ་སཐ་བུད་མེད་ཀྱི་(Indraprasdh College for Women) མཐོ་སློབ་ཏུ་ (Psychology Honors) སློབ་སྦྱོང་བྱེད་བཞིན་ཡོད།
ཁ ༢༽ སྒྱུ་རྩལ་སློབ་ཚན་ཁོངས་ནས་སུ་ཇཱ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ནོར་སྒྲིན་ལགས། བརྒྱ་ཆ་ ༩༡།༦ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་ཧེ་ད་ར་བྷད་ཀྱི་སིམ་བྷ་ཡོ་སིཕ་(Symbiosif College) མཐོ་སློབ་ཏུ་ཁྲིམས་ལུགས་རིག་པའི་ (LLB) སློབ་སྦྱོང་བྱེད་བཞིན་ཡོད།
ག༽ ཚོང་རིག་སློབ་ཚན་ཁོངས་ནས་མོན་གྷོ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་རྣམ་སྒྲོལ་ལགས། བརྒྱ་ཆ་ ༨༣་༦ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྱི་སེཊ་ཇོ་སེཕ་ (St. Joseph College ) མཐོ་སློབ་ཏུ་ (B.Com) སློབ་སྦྱོང་བྱེད་བཞིན་ཡོད།
སློབ་ཚན་སྡེ་ཁག་གསུམ་ཡོད་པ་ནས་ཨང་རིམ་གསུམ་པ་ལོན་པའི་སློབ་ཕྲུག་རྣམས་གཤམ་གསལ།
ཀ༽ ཚན་རིག་སློབ་ཚན་ཁོངས་ནས་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་ཚེ་རིང་བསོད་ནམས་ལགས། བརྒྱ་ཆ་ ༨༩།༦ ཐོབ་ཡོད་པ་དང་། ད་ལྟ་ཁོང་ཅན་དི་སྒར་དུ་རྒྱལ་ཡོངས་སྔོན་འགྲོའི་སྨན་པའི་ཚུད་རྒྱུགས་ All India Pre-Medical Test ཆེད་གྲ་སྒྲིག་བྱེད་བཞིན་ཡོད།
ཁ༽ སྒྱུ་རྩལ་སློབ་ཚན་ཁོངས་ནས་སྦེལ་ཀོབ་གཏན་སློབ་ཀྱི་སློབ་མ་ཟླ་བ་ཆོས་སྒྲོན་ལགས། བརྒྱ་ཆ་ ༩༡ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་ལྷོ་ཕྱོགས་མེ་སོར་དུ་ཡོད་པའི་(JSS Law College) མཐོ་སློབ་ཏུ་ (BBA LLA) སློབ་སྦྱོང་བྱེད་བཞིན་ཡོད།
ག ༡༽ ཚོང་རིག་སློབ་ཚན་ཁོངས་ནས་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཡིད་དགའ་ལགས། བརྒྱ་ཆ་ ༨༢།༤ ཐོབ་ཡོད་པ་དང་། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གུ་རུ་གོ་བྷིན་ད་སིངྒ་ (Shri Guru Gobind Singh) མཐོ་སློབ་ཏུ་ (B.Com) སློབ་སྦྱོང་བྱེད་བཞིན་ཡོད།
ག ༢༽ ཚོང་རིག་སློབ་ཚན་ཁོངས་ནས་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་འཕྲིན་ལས་དབང་མོ་ལགས། བརྒྱ་ཆ་ ༨༢།༤ ཐོབ་ཡོད་པ་དང་། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཧན་སི་རཱཇ་ (Hansraj College) མཐོ་སློབ་ཏུ་ (B.Com Honors) སློབ་སྦྱོང་བྱེད་བཞིན་ཡོད་པ་བཅས།།