ཕྱི་ལོོ་ ༢༠༡༦ ཟླ་ ༩ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ ཉིན་སྦན་ད་ར་ནོར་རྒྱས་གླིང་གི་སྐབས་དགུ་པའི་འདེམས་ཐོན་འཐུས་མི་གྲངས་ ༡༡ ནས་འཐུས་མི་ ༡༠ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་ཆོས་རྒྱལ་མཚན་ལགས་དང་ཚོགས་གཞོན་བྱམས་པ་མཐའ་ཡས་ལགས་བཅས་ཀྱི་ལས་ཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་དང་།
ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། ས་གནས་ཁྲིམས་ཞིབ་པས་སྦན་ད་ར་ས་གནས་སུ་གོང་ཚེས་ཉིན་རྒྱབ་ཆུ་ཚོད་ ༤ ཐོག་ས་གནས་མི་མང་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཅའ་ཁྲིམས་དགོངས་དོན་མང་གཙོ་ཀ་བ་གསུམ་སོ་སོའི་འགན་དབང་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ། ཁྲིམས་ཁོངས་ཁྱབ་ཚད། བཅའ་ཁྲིམས་ནང་གསལ་གཞི་རྩའི་ཐོབ་ཐང་དང་བོད་མིའི་ལས་འགན། ས་གནས་སུ་ཡོད་པའི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་ངོ་སྤྲོད། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་གནང་འདུག་པ་བཅས། །