ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ནས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ལོའི་སློབ་དུས་ནས་བོད་ཁྱིམ་གཉིས་ཀྱི་འཛིན་རིམ་དང་པོ་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་འགོ་འཛུགས་ཞུས་ཡོད་པ་བཞིན། ཕྱི་ཟླ་ ༩ ཚེས ༦ དང་ ༧ ལ་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་མ་སུ་རི་བོད་ཁྱིམ་དང་ར་ཛ་པུར་བོད་ཁྱིམ་གཉིས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ལག་བསྟར་གནང་ཕྱོགས་ཐད་རྒྱུས་སྟོན་ལྟ་ཞིབ་ཞུས་པ་དང་། ཕྱི་ཚེས ༡༣ ཉིན་ཤེས་ཡོན་ལྷན་ཚོགས་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་རྡ་ཤོད་བོད་ཁྱིམ་དུ་རྒྱུས་སྟོན་ལྟ་ཞིབ་ཞུས་ཡོད།
རྒྱུས་སྟོན་ཞུ་སྐབས་གཙོ་བོ་སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་ཁྲིད་ལྟ་ཞིབ་དང་དགེ་རྒན་དང་ལྷན་གོ་བསྡུར། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་ཐད་དོགས་སེལ་ཁག་ཞུས་ཡོད་པ་མཟད། རིམ་པས་སློབ་གྲྭ་ཁག་གཞན་རྣམས་ལ་སྐོར་བསྐྱོད་ཞུས་གཏན་འཁེལ་ཡོད།
འདི་ལོ་སློབ་དུས་འགོ་འཛུགས་སྐབས་སམ་བྷོ་ཊའི་འགན་འཛིན་ནས་གོ་པུར་དང་། སུ་ཇ། ཅོན་ཏ་ར་བོད་ཁྱིམ་ཁག་ལ་སྐོར་བསྐྱོད་ལམ་སྟོན་ཞུས་པ་དང་། ཤེས་ལྷན་འགན་འཛིན་ནས་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་དང་བྷེལ་ཀོབ་བོད་ཁྱིམ་བཅས་རྒྱུས་སྟོན་གནང་ཡོད་པ་བཅས།།