༢༠༡༦ ཟླ་ ༩ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༣ ནས་ ༡༦ བར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་གོ་སྒྲིག་འོག རྒྱ་གར་གྱི་གུ་ཇུ་ར་ཏི་མངའ་སྡེའི་ཨ་ནནྡ་(Anand) ས་གནས་སུ་རྟེན་གཞི་བྱས་པའི་གྲོང་གསེབ་ཡར་རྒྱས་ཀྱི་ལས་གཞི་འཛིན་སྐྱོང་ཇི་ལྟར་བྱེད་དགོས་པའི་བསྟི་གནས་ཁང་ Institute of Rural Management Anand (IRMA) ཞེས་པར་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་འཆར་འགན་འཛིན་བཅུ་གསུམ་ལ་ལས་འཆར་བཀོད་སྒྲིག་དང་འཛིན་སྐྱོང་ཐད་ཟབ་སྦྱོང་གནང་འདུག
ཟབ་སྦྱོང་དེའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་འགན་འཛིན་རྣམ་པར་ལས་འཆར་བཀོད་སྒྲིག་གནང་ཕྱོགས་ཐད་གོ་རྟོགས་གསར་པ་ཡོང་ཐབས་ཙམ་མ་ཟད། ལས་འཆར་ཁག་ལག་བསྟར་བྱེད་རྒྱུའི་ནུས་པ་གོང་མཐོར་གཏང་བ་བརྒྱུད་དུས་ཐོག་གྲུབ་འབྲས་སོན་ཐབས་ཆེད་ཡིན་འདུག
ཟབ་སྦྱོང་གི་བསླབ་གཞིའི་ཁོངས་སུ་ཡོད་པ་གཞིར་བཟུང་ཟབ་སྦྱོང་བ་རྣམ་པར་རྒྱ་གར་གྱི་ནང་ཡོངས་གྲགས་ཡིན་པའི་འོ་མའི་ཐོན་སྐྱེས་ཀྱི་བཟོ་ཁང་ AMUL ཞེས་པར་གཟིགས་སྐོར་དུ་ཁྲིད་འདུག དེ་ནི་གཙོ་བོ་ཟབ་སྦྱོང་བ་རྣམས་ཀྱིས་བཟོ་གྲྭའི་སྒྲོམ་གཞི་སྐོར་སོགས་བཟོ་གྲྭ་སྤྱི་ཡོངས་ཀྱི་ལམ་ལུགས་ཐོག་གོ་རྟོགས་ཡོང་ཐབས་ཆེད་ཡིན་འདུག
ཟབ་ཁྲིད་གནང་མཁན་ཁོངས་སུ་གོང་འཁོད་བསྟི་གནས་ཁང་དེའི་སློབ་དཔོན་ Hitesh Bhatt ལགས་ཀྱིས་སྣེ་ཁྲིད་འོག་སྐུ་ཞབས་ར་ཇེཤ་ཀ་པུར Rajesh Kapoor ལགས་དང་། ལྕམ་པྲེ་ཏི་པྲི་ཡ་ Preeti Priya ལགས། དེ་བཞིན་རྒྱ་གར་གྱི་མི་སེར་རྣམས་ལ་ཆེས་བསྟོད་གཟེངས་རྟགས་མཐོ་ཤོས་ཨང་བཞི་པ་ Padma Shri ཞེས་པ་དེ་བཞེས་མྱོང་མཁན་ཕུལ་བྷུ་ཤན་བྷ་ཡི་ཡ་ཌཝ་Phoolbasan Bai Yadav ལགས་བཅས་ཡིན་འདུག
ཟབ་སྦྱོང་འདི་བཞིན་ནོར་ཝེའི་Norwegian Church Aid (NCA) ཞེས་པའི་རོགས་ཚོགས་ཀྱིས་དཔལ་འབྱོར་མཐུན་འགྱུར་གནང་བ་ཞིག་ཡིན་འདུག