ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །དེ་རིང་འདིར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པའི་མཇུག་བསྡོམས་ཚོགས་འདུའི་ཐོག་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། ཚོགས་བཅར་ལ་ཕེབས་པའི་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་ཡོངས་དང་། དེ་བཞིན་ཚོགས་ཆེན་འདིར་ཐུགས་སྣང་དང་འགན་འཁུར་བཞེས་མཁན་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཁྱེད་རྣམ་པས་རང་གི་རྩ་ཆེའི་དུས་ཚོད་བློས་བཏང་གིས་བོད་དོན་ཐོག་རྒྱབ་སྐྱོར་དང་ཕྱག་ལས་གནང་རྒྱུའི་མཚོན། ད་རེས་ཀྱི་ཚོགས་ཆེན་འདི་ཐོག་ཆེད་ཕེབས་ཀྱིས་བོད་དོན་ཐོག་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་བགྲོ་གླེང་གནང་བ་བཅས་ནི། བོད་དང་བོད་མིའི་དུས་ཚོད་ཧ་ཅང་ཉག་ཕྲ་བའི་དུས་སྐབས་འདི་ལྟ་བུར་དམིགས་བསལ་གྱི་བཀའ་དྲིན་ཆེན་པོ་ཡིན་པས་ཁྱེད་རྣམ་པའི་ལྷག་བསམ་རྣམ་པར་དཀར་བ་དང་། སྙིང་སྟོབས། ཆོད་སེམས་བརྟན་པོས་ང་ཚོར་ཡིད་ཆེས་དང་། གདེང་སྤོབས་ཆེན་པོ་སྐྱེ་བཞིན་འདུགདེ་བཞིན་བོད་ནང་གི་བོད་མི་རྣམས་ལའང་བློ་སྟོབས་དང་ཡིད་ཆེས་གསར་པ་སླེབས་གཞི་ཆགས་ཡོད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་བཀའ་སློབ་ཕེབས་པ་ཞིག་དེ་རིང་འདིར་ངས་བསྐྱར་དུ་ལུང་འདྲེན་ཞུས་པ་ཡིན་ན། དེ་ཡང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དག་ནི་རྒྱ་ནག་ལ་ཕྱོགས་འགལ་ཁ་གཏད་དང་། བོད་པའི་ཕྱོགས་འཛིན་གནང་མཁན་ཞིག་ཡིན་པར་ངོས་འཛིན་གནང་གི་མེད། ཁོང་རྣམས་ནི་བདེན་པར་ཡིད་ཆེས་དང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པར་གཟིགས་ཀྱི་ཡོད་ཅེས་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་པ་བཞིན། ཁྱེད་རྣམ་པས་དྲང་བདེན་གྱི་ཕྱོགས་སུ་བཞེངས་ཏེ་ང་ཚོར་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ཁྱེད་རྣམ་པས་མཁྱེན་གསལ་ལྟར་བོད་དེ་རྒྱ་གཞུང་གིས་བཙན་བཟུང་བྱས་ཏེ་ལོ་གྲངས་༥༧ ཙམ་འགྲོ་གི་ཡོད་ལ། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ལ་ཕེབས་ནས་ལོ་གྲངས་ཡང་དེ་མཚུངས་འགྲོ་གི་ཡོད། བོད་ཀྱི་སྔ་མོའི་ལོ་རྒྱུས་དང་གནས་བབ་ཇི་ཡིན་སྐོར་ལ་ངས་འདིར་ཞུ་རྒྱུ་མིན། ཁྱིམ་མཚེས་རྒྱལ་ཁབ་བཀའ་དྲིན་ཅན་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྣམ་དཔྱོད་དང་ཐུགས་བརྩོན་ཆེན་པོས་རིམ་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་མང་གཙོའི་ལམ་བཟང་དུ་བསྒྱུར་ཏེ་ལོ་འདི་ཡི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་འོས་བསྡུ་དང། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་གི་འོས་བསྡུ་ཆེན་མོ་བཅས་ཟིན་ཏེ་ད་ཆ་དངོས་སུ་ལས་དོན་ཐོག་ཞུགས་བཞིན་ཡོད།
བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང། སློབ་གྲྭ དགོན་སྡེ་ཁག བོད་རིགས་ཚོགས་པ་དང། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་དང་བོད་ཀྱི་ཆོས་དང་རིག་གཞུང།སྐད་ཡིག་རྒྱུན་འཛིན་བཅས་ལ་སྔར་ལྷག་ནུས་ཤུགས་འདོན་བཞིན་ཡོད། ང་ཚོས་དུས་ཚོད་ཐུང་ངུའི་ནང་༸གོང་ས་མཆོག་བོད་ནང་ཕེབས་ཐུབ་པ་དང་བོད་མི་རྣམས་གཞིས་བྱེས་མཉམ་འཛོམས་ཐུབ་པའི་ཉིན་མོ་ཞིག་རྒྱ་གཞུང་ནས་ངོས་ལེན་བྱུང་བ་ཡིན་ན། དུས་ཚོད་དམ་འཛིན་གྱིས་གོ་སྐབས་ཟིན་ཐུབ་པ་ཞིག་དང། ཡང་ན་དུས་ཡུན་རིང་པོར་འགོར་ནའང་བཙན་བྱོལ་བོད་མི་ཚོས་མི་རིགས་ཀྱི་འཐབ་རྩོད་དང། སྐད་ཡིག་རིག་གཞུང་རྣམས་ཉར་ཚགས་ཀྱིས་རྒྱུན་འཛིན་བྱེད་ཐུབ་ངེས་ལྟ་བུ་ཆགས་ཡོད།
བོད་ནང་གི་བོད་མི་རྣམས་ལ་རང་དབང་དང། གོ་སྐབས་མེད་པ། དུས་རྒྱུན་དུ་སོ་སོའི་འགྲོ་འདུག་སྤྱོད་གསུམ་ལའང་དོགས་གཟབ་གནང་དགོས་པ་དང། དེ་བཞིན་བོད་མི་རིགས་ཀྱི་གོམས་གཤིས་དང། ཆོས། རིག་གཞུང་། སྐད་ཡིག་བཅས་ཉིན་རེ་བཞིན་ཉམས་ཆག་གཏོང་ཕྱིར་རྒྱ་གཞུང་གིས་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད།དཔེ་མཚོན་ཙམ་ཞུ་ན་ཕྱི་ལོ་ ༢༠༠༧ ལོར་བཏོན་པའི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཕྱོགས་ཀྱི་སྲོལ་ཡིག་ཟེར་བ་དང། ཕྱི་ལོ་ ༢༠༡༥ ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་དྲ་རྒྱ་མ་ལག་ཟེར་བ་གསར་བཟོ་བྱས་པ་བཅས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་སྤྲུལ་སྐུའི་ལམ་སྲོལ་དག་ལ་སྟངས་འཛིན་ནན་པོ་བྱེད་པའི་དན་རྟགས་དང། ལོ་འདི་ཡི་ནང་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་གིས་གྲྭ་བཙུན་རྒྱུན་བཞུགས་ཉུང་རུ་གཏོང་དགོས་པའི་དམ་དྲག་བྱེད་བཞིན་ཡོད་པ་བཅས་ནས་གསལ་པོ་རྟོགས་ཐུབ།
བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ཀྱང་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད།བཙོན་ཁང་དུ་ལོ་མང་བཀག་ཉར་བྱེད་པ་དང།ཡང་རིགས་གཅིག་ལ་གཟུགས་གཞིའི་འཕྲོད་བསྟེན་གནས་སྟངས་ལ་བསམ་ཤེས་གང་ཡང་མེད་པར་བསམ་ངན་སྦྱོར་རྩུབ་དང་འབྲེལ་བའི་རྡུང་རྡེག་བཏང་སྟེ་བཙོན་པ་རིགས་གཅིག་བཙོན་ཁང་དུ་འདས་གྲོངས་སུ་བཅུག་པ་དཔེར་ན་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལྟ་བུ་དང། ཡང་རིགས་གཅིག་བཙོན་གྲོལ་ཐོབ་ནའང་ནད་གཅོང་གི་ཡུན་རིང་འཚོ་མི་ཐུབ་པ་དེ་འདྲ་ཡང་བྱུང་ཡོད། དཔེར་ན་མདོ་སྨད་མཚོ་ལྷོ་ཁུལ་ནས་འབྲོག་པ་ཡིན་པ་རྒྱ་ཡེ་ཕུན་ཚོགས་དང་། ཁམས་སྡེ་དགེ་ནས་ཡིན་པ་ཨ་ཤག་ཚང་ནོར་ལྷ། སྟོད་དིང་རི་ཤེལ་དཀར་དགོན་པའི་གྲྭ་མཁྱེན་རབ་མཐར་ཕྱིན་ལྟ་བུ་བྱུང་ཡོད།
མདོར་ན་རྒྱ་གཞུང་གིས་བོད་ནང་ལོ་ལྔ་ཚན་གྱི་འཆར་གཞི་རིམ་པ་མང་པོ་བཏིང་ནས་རྒྱ་ནག་ས་ཁུལ་འདྲ་མིན་ནས་བོད་ནང་ལ་ལྕགས་ལམ་བཟོ་སྐྲུན་དང། གནམ་ཐང་གསར་རྒྱགགཞུང་ལམ་ཆེན་མོ་གསར་བཟོ་སོགས་ཀྱིས་བོད་ཡུལ་ཡར་རྒྱས་གཏོང་གི་ཡོད་ལུགས་ཀྱི་དྲིལ་བསྒྲགས་སྣ་ཚོགས་སྤེལ་བཞིན་ཡོད། དཔེར་ན་ཉེ་ཆར་ཕྱི་ཟླ་ ༧ པའི་ནང་རྒྱ་གར་བང་ཆེན་ཚགས་ཤོག་ Indian Express ནང་ཤོག་ངོས་ཉོས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་དྲིལ་བསྒྲགས་བྱས་ཡོད། རྒྱ་གཞུང་གི་དམིགས་ཡུལ་བཞིན་བོད་ཡུལ་དུ་རྒྱ་མིའི་མི་སེར་སྤེལ་ཡུལ་དུ་གྱུར་ནས། དཔེར་ན་ལྷ་སར་ལྟ་བུ་མཚོན་ན་ལོ་ངོ་བཅུ་ཕྲག་སྔོན་ཙམ་ལ་བོད་མི་གཅིག་ལ་རྒྱ་མི་དྲུག་རེ་བརྩི་བའི་དུས་སུ་སླེབས་ཡོད་པས་དོན་དུ་གྲོང་ཁྱེར་ཁག་ནང་རྒྱ་མི་རིགས་མང་བ་ཆགས་བཞིན་ཡོད།
རྒྱ་གཞུང་གིས་བོད་བཙན་བཟུང་རྗེས་བོད་མི་རྣམས་ལ་བཟོད་མི་ཐུབ་པའི་ཛ་དྲག་གི་དཀའ་སྡུག་གནས་སྟངས་དབང་གི་ཕྱི་ལོ་ ༡༩༨༠ནང་ཙམ་ནས་བོད་ནང་གི་བོད་མིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེར་གནང་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་ཞི་རྒོལ་ཆེན་མོ་དང།ཕྱི་ལོ་ ༢༠༠༩ ནས་རང་ལུས་མེར་བསྲེགས་ཀྱིས་སྒོ་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ནས་བཟུང་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ བར་བོད་མི་སེར་སྐྱ་ཕོ་མོ་གྲངས་ ༡༤༤ བྱུང་ཡོད་པ་དེ་དག་གི་ཁྲོད་ནས་མི་གྲངས་ ༡༢༤ འདས་གྲོངས་སུ་གྱུར་ཡོད་པ་དང། མི་གྲངས་ ༢༠ ཙམ་ད་དུང་ཡང་ཤི་གསོན་གྱི་གནས་སྟངས་ཁ་གསལ་ཤེས་རྟོགས་ཐུབ་མེད། ཁོང་རྣམ་པའི་མངོན་འདོད་ནི་༸གོང་ས་མཆོག་བོད་ནང་གདན་ཞུ་བྱ་དགོས་པ་དང། བོད་མིར་རང་དབང་དགོས་པ་སོགས་ཀྱི་འབོད་སྒྲ་སྒྲོག་པ་དང་ཞལ་ཆེམས་བཞག་པ་ཅི་རིགས་བྱུང་ཡོད། རྒྱ་གཞུང་ནས་ཁོང་རྣམ་པའི་བློས་བཏང་དང་མངོན་འདོད་ལ་ཡ་ལན་དང་བདག་བཟུང་བྱ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་ཁོང་རྣམས་པའི་ནང་མི་དང་བཟའ་ཟླ་བཅས་ལ་སྨ་འབེབས་དང་། གནས་ཚུལ་དངོས་བྱུང་རྣམས་གཞན་ལ་ཁག་དཀྲི་སྣ་ཚོགས་ཀྱིས་དྲིལ་བསྒྲགས་ལོག་པ་སྤེལ་དང་སྤེལ་བཞིན་ཡོད།
སྤྱིར་བཏང་འཛམ་གླིང་འདིས་ཐོག་བཟང་སྤྱོད་དང་། གཞན་ལ་བརྩེ་སེམས། འདྲ་མཉམ་སོགས་ཀྱི་བསམ་མནོ་འཁོར་མ་ཐུབ་པ་དཔལ་འབྱོར་གྱི་གནོན་ཤུགས་དང། དམག་དཔུང་། རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་གསར་སྤེལ་དང་། དེ་བཞིན་དྲག་སྤྱོད་པའི་བྱེད་ཕྱོགས་མང་པོ་ལ་གདོང་ལེན་བྱ་དགོས་ཆགས་བཞིན་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་ཚུལ་འདྲ་ཆགས་པོ་དང། རང་དབང་ཡོད་པའི་རྣམ་པ་བཏོན་བཞིན་ཡོད་ནའང་། དོན་དུ་དཔལ་འབྱོར་དང་དམག་དཔུང་གི་ནུས་པ་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མང་པོར་སྣང་ཆུང་ལྟ་བུའི་སྦས་ཏེ་ཕྱིར་མི་མངོན་པའི་ཐབས་ཤེས་བྱེད་བཞིན་ཡོད།
བོད་དོན་ཐོག་དེ་སྔོན་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་གཉིས་དབར་གྲོས་མོལ་གྱི་བརྒྱུད་རིམ་གནང་ཡོད་ཀྱང་རྒྱ་གཞུང་གིས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་གཏོང་མེད།༸གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་བཞེངས་ཕྱོགས་དབུ་མའི་ལམ་བརྒྱུད་བོད་དོན་བདེན་མཐའ་གསལ་ཐབས་གནང་བཞིན་ཡོད། ༸གོང་ས་མཆོག་གིས་དུས་རབས་ ༢༡ པའི་དུས་སྐབས་འདིར་འཚེ་མེད་ཞི་བའི་ལམ་ནས་མི་མཐུན་པའི་གནད་དོན་རྣམས་གྲོས་མོལ་གྱི་ལམ་ནས་ཞི་འགྲིག་བཟོ་ཐབས་གནང་དགོས་སྐོར་ཡང་ཡང་བཀའ་སློབ་ཕེབས་པ་བཞིན་རྒྱུ་མཚན་ལྡན་པ་དང་ཡིད་ཆེས་ཞུ་བཞིན་ཡོད། རྒྱ་གཞུང་ནས་ཀྱང་བོད་དོན་ཐོག་བསམ་ཞིབ་ལན་མང་གནང་དགོས་པ་དང་། དེ་ཡང་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་གནད་དོན་སེལ་ཐབས་གནང་དགོས་རྒྱུ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རྒྱ་གཞུང་ལ་འབོད་སྐུལ་ཞུ་འདོད་བྱུང་།
ནམ་ཞིག་རྒྱ་གཞུང་གིས་བོད་དོན་ཐོག་བཟང་ཕྱོགས་ཀྱི་སྲིད་བྱུས་འཛིན་པའི་དུས་ཤིག་བྱུང་ན་ཁྱེད་རྣམ་པའི་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་ལ་གྲུབ་འབྲས་ཆེན་པོ་ཞིག་ཐོན་པ་དང་། བོད་མི་ས་ཡ་དྲུག་འཆི་རྐྱེན་ལས་སྐྱོབས་ཐུབ་པ། འཚེ་མེད་ཞི་བའི་ལམ་ནས་བོད་རྒྱ་ཞི་འགྲིག་བྱུང་ཐུབ་ན་འཛམ་གླིང་ནང་མིག་དཔེ་བཟང་པོ་ཞིག་འཇོག་ཐུབ་རྒྱུ་དང་། རྒྱ་གཞུང་ལའང་རྒྱལ་སྤྱིའི་ཐོག་ནས་ཡིད་ཆེས་དང་དགའ་མོས་ཤུགས་ཆེ་རུ་འགྲོ་རྒྱུ་ངེས་པ་ཡིན།
དེ་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པ་སྦར་སིལ་དུ་ཉིན་གསུམ་རིང་ཚོགས་ཐུབ་པ་དང་། དབུ་འབྱེད་མཛད་སྒོར་༸གོང་ས་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ། གནད་ཡོད་མི་སྣ་མང་པོ་ཕེབས་ནས་གསུང་བཤད་དང་། དེ་བཞིན་རྒྱལ་ཁབ་ཁག་མང་པོ་ནས་བོད་དོན་རྒྱབ་སྐྱོར་བའི་ཚོགས་མིར་ཕེབས་ཏེ་ཚོགས་ཆེན་འདིས་ཐོག་ལ་བོད་ནང་གི་བོད་མིའི་དངོས་ཡོད་གནས་སྟངས་དང། རྒྱལ་སྤྱིའི་ནང་བོད་དོན་གྱི་གནས་བབ། བོད་ཀྱི་ཁོར་ཡུག བོད་རྒྱའི་དབར་བོད་ཀྱི་བདེན་མཐའ་གསལ་ཐབས་བཅས་གནད་དོན་གལ་ཆེན་པོ་མང་པོའི་ཐོག་བགྲོ་གླེང་གོ་བསྡུར་ལྷུག་པོ་གནང་ཐུབ་པ་འདིས་རྒྱ་གཞུང་ལའང་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་པ་བྱུང་ཡོད།
དེ་རིང་ཚོགས་འདུ་གྲོལ་བ་ནས་བོད་དོན་བདེན་མཐའ་མ་གསལ་བར་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་རྣམ་པས་སེམས་ཤུགས་དང་སྙིང་སྟོབས་ཆེན་པོས་རྒྱལ་སྤྱིའི་ནང་དང་། རྒྱལ་ཁབ་སོ་སོའི་མི་མང་དང། གཞུང། གྲོས་ཚོགས་སོགས་ལ་བོད་དོན་ཐོག་སེམས་ཁུར་བླངས་དགོས་པའི་སྐུལ་འདེད་ཞུ་ཐུབ་པའི་ཡིད་ཆེས་ཞུ་བཞིན་ཡོད། དེ་བཞིན་ཚོོགས་ཆེན་འདིའི་ཐོག་ལ་ཕྱིར་སྡོད་རྒྱ་མི་རིགས་ཀྱང་མང་པོ་ཕེབས་ཐུབ་པ་དགའ་ཚོར་ཆེན་པོ་བྱུང་། ཁྱེད་རྣམས་བརྒྱུད་རྒྱ་མི་རིགས་ནང་ཕན་ཚུན་བོད་དོན་ཐོག་གོ་བསྡུར་ཤུགས་ཆེ་ཙམ་གནང་ཐུབ་ན་རྒྱ་ནག་གཞུང་ལ་སྐུལ་འདེད་དང་། བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་པའི་དགེ་མཚན་ཆེན་པོ་མཐོང་སོང་བས་ཚང་མས་ནུས་པ་གང་ཡོད་འདོན་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་།
ཐུགས་རྗེ་ཆེས་ངས་མཇུག་བསྡོམས་གཏམ་བཤད་འདི་ནས་མཚམས་འཇོག་རྒྱུ་ཡིན།ཚོགས་འདུར་མགྲོན་འབོད་གནང་བ་དང། གོ་སྒྲིག་མཐུན་འགྱུར་གནང་མཁན་ཡོངས་དང།རྒྱབ་སྐྱོར་གནང་མཁན་གྱི་ཚོགས་མི་བཅས་ཚང་མར་སླར་ཡང་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ནས་ཕྱི་ལོ་ ༢༠༡༦ ཟླ་༩ ཚེས་ ༡༠ ལ།།