ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་སྦར་སེལ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༠ ཉིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་མཇུག་བསྒྲིལ་མཛད་སྒོའི་ཐོག་རྒྱ་རིགས་ཁྲིམས་རྩོད་པ་དང་། མཁས་དབང་། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སོགས་མཉམ་ཞུགས་གནང་ཡོད།
དེ་ཡང་ཚོགས་འདུའི་སྐབས་ཚོགས་བཅར་བ་ཡོངས་ནས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་བསྒྲགས་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སོགས་ལ་སེམས་འཚབ་ཡོད་སྐོར། བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཡོངས་དང་། ད་ལྟ་རྒྱ་ནག་གཞུང་གི་བཙན་འོག་དུ་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་ཚོར་གདུང་སེམས་སྐྱེ་ཡོད་སྐོར་སོགས་གསུངས།
རྒྱ་ནག་གཞུང་གི་ངོས་ནས་ཀྱང་གོ་སྐབས་དམ་འཛིན་གྱིས་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་རེ་འདུན་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་བསླུ་ཁྲིད་ཀྱིས་བོད་ལ་ཁྲིམས་མཐུན་དབང་འགྱུར་ཡོང་ཐབས་བྱེད་བཞིན་པ་དེ་ལམ་ལྷོང་ཡོང་རྒྱུ་མེད་པ་གསུངས་འདུག
ཚོགས་ཆེན་མཇུག་བསྒྲིལ་སྐབས་སྐུ་མགྲོན་གཙོ་བོ་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ Claudia Roth མཆོག་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ Csaba Sogor ལགས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ཀྱིས་གསུང་བཤད་གནང་ཡོད།
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་བོད་མི་ཚོ་དམ་བསྒྲགས་གང་འདྲ་ཞིག་གི་འོག་གནས་ཡོད་པའི་སྐོར་ངོ་སྤྲོད་དང་། ཐེངས་འདིའི་ཚོགས་ཆེན་བརྒྱུད་ཚོགས་མི་ཡོངས་ནས་རྒྱལ་ཁབ་སོ་སོའི་དབུ་ཁྲིད་དང་མི་མང་ཚོར་བོད་ཀྱི་གནད་དོན་དེ་ཛ་དྲག་གང་འདྲ་ཞིག་གི་ཐོག་གནས་ཡོད་པ་སོགས་ངོ་སྤྲོད་གནང་དགོས་པའི་རེ་འདུན་གནང་ཡོད།རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་སྦེལ་ཇམ་རྒྱལ་ས་སྦར་སིལ་ནང་ཕྱི་ཟླ་ ༩ ཚེས་ ༨-༡༠ བར་ཚོགས་ཡོད། ཚོགས་ཆེན་འདིའི་ཐོག་འཛམ་གླིང་རྒྱབ་ཁབ་ཁག་ ༥༠ ནས་ཚོགས་བཅར་བ་མི་གྲངས་ ༢༥༠ བཅར་ཡོད།
ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་འདི་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། སྦེལ་ཇམ་བོད་རིགས་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་གནང་ཐོག་ཕྱི་དྲིལ་ལས་ཁུངས་ནས་མཐུན་འགྱུར་གནང་ཡོད།
ཚོགས་ཆེན་ཐོག་གཙོ་བོ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་། རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་ལ་གོ་བསྡུར་གནང་ཡོད་པ་བཅས།།