ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༦ ཉིན་རྒྱ་གཞུང་གིས་གསེར་རྟ་རྫོང་ནས་ཡིན་པའི་བོད་རིགས་དགེ་རྒན་གངས་སྐྱེས་སྒྲུབ་པ་ལགས་གློད་བཀྲོལ་བཏང་འདུག་པ་དང་། སྐབས་དེར་ཁོང་གི་ནང་མི་གཙོས་དགའ་ཉེ་སྤུན་མཆེད་ཚོས་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་གཟི་བརྗིད་ངང་ཕྱིར་ཕེབས་པར་དགའ་བསུ་ཞུ་ཞེས་པའི་འཕྲེད་དར་འཕྱར་ཏེ་བོད་ཟས་ཐུད་དང་ཞོ། གོ་རེ་སོགས་ཀྱི་སྡེར་ཁ་བསྒྲིགས་ཏེ་ཕེབས་བསུའི་དགའ་སྟོན་གཟབ་རྒྱས་ཞུས་ཡོད་འདུག
ཆབ་སྲིད་བཙོན་པ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ནི། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་གེ་ཕན་སྡེ་བ་རུ་ཕ་ཐུབ་ཉི་དང་། མ་དབང་ལོ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཆུང་དུས་ནས་ས་གནས་རགས་བཀྲམ་སློབ་ཆུང་དང་གསེར་རྟ་སློབ་འབྲིང་ཁུལ་དར་མདོ་སློབ་ཆེན་སོགས་མཐར་ཕྱིན་ནས་གསེར་རྟ་རྡར་ཚང་དང་རྡོ་ཁོག་སྙན་ལུང་སོགས་སུ་སློབ་གྲྭའི་དགེ་རྒན་ཀྱི་བྱ་བའི་ཞོར་དུ་རང་རྩོམ་ཀྱང་དེབ་འགའ་ཤས་བྲིས་ཡོད།
ལྷག་པར་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ཀྱི་ཞི་རྒོལ་སྐབས་དངོས་བྱུང་གི་གནས་ཚུལ་ས་བྱི་ཁྲག་བྲིས་དམར་པོ་ཟེར་བའི་དེབ་གཅིག་བྲིས་པ་དང་། དམར་རྒོལ་ཚོགས་པ་རྩ་འཛུགས་བྱས་པའི་ཉེས་མིང་འོག་ཕྱི་ལོ་ ༢༠༡༢ ལོར་བྲག་མགོ་ས་གནས་སུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་སྒེར་བཙུགས་སློབ་གྲྭར་དགེ་རྒན་བྱེད་བཞིན་པའི་སྐབས་ས་གནས་དེ་ནས་གློ་བུར་བཙན་ཁྲིད་བྱས་པ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ ཉིན་ཉག་ཆུ་རྫོང་ཁྲིམས་ཁང་ནས་བོད་དོན་ལས་འགུལ་སྤེལ་མཁན་དང་དམར་ཆུང་ངོ་རྒོལ་ཚོགས་པ་ཞེས་པའི་ཚོགས་མི་ཡིན་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༦ ཉིན་བཙོན་གྲོལ་ཐོབ་ཡོད་འདུག །