༢༠༡༦ ཟླ་ ༩ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༩ རེས་གཟའ་ཕུར་བུ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་གཉིས་པའི་ལས་ཉིན་མཐའ་མའི་སྐབས། རྒྱ་གར་གྱི་མི་སེར་ཐོབ་ཐང་ལེན་པར་ཕན་གནོད་ཇི་ཡོད་དང་། བཀའ་ཤག་ནས་ཞིབ་འཇུག་བྱས་པའི་ཐོག་ནས་ལམ་སྟོན་གསལ་པོ་ཞིག་ཡོད་ན་ཡག་པོ་འདུག ཅེས་གསུངས་པ་དེའི་ཐད་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་དོན།
བཀའ་ཤག་ནས་ཞིབ་འཇུག་བྱ་དགོས་བྱུང་ན་བྱ་རྒྱུ་རེད། འོན་ཀྱང་དེ་སྔོན་བཀའ་ཤག་གི་ངོས་ནས་ཞུས་ཡོད། རྒྱ་གར་གྱི་ཁྲིམས་ནང་ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ བར་དུ་རྒྱ་གར་ནང་སྐྱེས་པ་དང་། ཕྱི་ལོ་ ༡༩༨༧ རྗེས་སུ་ཕ་མ་གང་རུང་ཞིག་རྒྱ་གར་གྱི་མི་སེར་ཡིན་ན་བུ་ཕྲུག་རྒྱ་གར་གྱི་མི་སེར་རེད་ཅེས་བཀོད་ཡོད་སྟབས། རྒྱ་གར་གྱི་མི་སེར་ལག་འཁྱེར་ལེན་ཆོག་གི་ཡོད་པ་རེད། བཙན་བྱོལ་དུ་ཡོད་པའི་བོད་པ་ཚོའི་ནང་དུ་ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ བར་རྒྱ་གར་ནང་སྐྱེས་པ་མང་པོ་ཡོད། དེ་རྒྱ་གར་གྱི་ཁྲིམས་ཡིན་སྟབས། ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ བར་ཟེར་བ་དེ་བོད་པ་གཅིག་པུ་མ་རེད། དུས་ཡུན་དེའི་བར་དུ་རྒྱ་གར་ནང་དུ་སུ་ཞིག་སྐྱེས་པ་ཡིན་ནའང་རྒྱ་གར་གྱི་མི་སེར་རེད་ཅེས་གསུངས་ཡོད་དུས། རྒྱ་གར་གྱི་ཁྲིམས་ནང་མི་སེར་ཞུ་ཆོག་གི་རེད་ཅེས་ཐག་བཅད་ཚར་བ་དེར་བོད་མིའི་སྒྲིག་འཛུགས་གྱི་ངོས་ནས་མི་སེར་ཞུ་ཆོག་གི་མ་རེད་ཅེས་གསུང་ཆོག་གི་མེད་པར་བརྟེན། བདེ་སྲུང་ལས་ཁུངས་བརྒྱུད་ནས་རྒྱ་གར་གྱི་མི་སེར་ཞུ་གི་ཡིན་ཞེས་བརྗོད་པ་ཡིན་ན། ང་ཚོས་དགག་བྱ་མེད་པའི་ཡིག་ཆ་ No Objection Letter འབུལ་གྱི་ཡོད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མི་སེར་བྱོས་ཞེས་ནམ་ཡང་ཞུ་མྱོང་མེད། གང་ཡིན་ཞེ་ན། ང་རྒྱ་གར་མི་སེར་བྱེད་ཀྱི་ཡིན། བོད་མིའི་སྒྲིག་འཛུགས་ནས་དགག་བྱ་ཡོད་མེད་ཀྱི་ལམ་སྟོན་གནང་རོགས་གནང་བརྗོད་ཡོང་དུས་ང་ཚོས་དགག་བྱ་མེད་པའི་ཡིག་ཆ་སྤྲོད་བཞིན་ཡོད། འོན་ཀྱང་རྒྱ་གར་གྱི་མི་སེར་བྱོས་ཞེས་ཞུ་ཡི་མ་རེད།
མི་སེར་བྱོས་ཞེས་ཞུ་མི་དགོས་དོན་གང་ཡིན་ཞེ་ན། བོད་མིའི་སྒྲིག་འཛུགས་འདི་བཙན་བྱོལ་དུ་ཡོད་པའི་གཙོ་ཆེ་ཤོས་ཆབ་སྲིད་ཀྱི་རྩ་དོན་དང་ལྔ་དང་ལྔ་བཅུའི་ནང་ཆབ་སྲིད་ཀྱི་འགན་ཞིག་ཡོད་པ་རེད། གཙོ་ཆེ་ཤོས་ཀྱི་འགན་དེ་བོད་ནང་གི་བོད་མིའི་བདེ་སྡུག་དང་ཁོང་ཚོའི་མངོན་འདོད་བསྒྲུབ་རྒྱུ་དེ་རེད། དེ་དང་མཉམ་དུ་བཙན་བྱོལ་དུ་ཡོད་པའི་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་བདེ་སྡུག་ལ་གཟིགས་རྒྱུ་བཅས་རེད། ཕྱི་ནས་རོགས་དངུལ་གནང་ཡོང་སྐབས་བོད་པ་སྐྱབས་བཅོལ་བ་ཡོད། དེ་དག་ལ་རོགས་དངུལ་གནང་རོགས་ཞེས་ཞུ་གི་ཡོད་རེད། ང་ཚོ་སྐྱབས་བཅོལ་བ་ཡིན་ཞེས་རྒྱ་གར་གཞུང་དང་ཕྱི་རྒྱལ་ནས་རོགས་དངུལ་ཞུས་ཏེ། གཞིས་ཆགས་དང་སློབ་གྲྭ། སྨན་ཁང་བཙུགས་པ་དེ་དག་བོད་པ་སྐྱབས་བཅོལ་བའི་ཆེད་དུ་ཡིན་ཞེས་ཞུ་གི་ཡོད་རེད། ང་ཚོས་རྒྱ་གར་གྱི་མི་སེར་ཡིན་ལབ་པ་ཡིན་ན་རྒྱ་གར་གཞུང་གིས་ལྟ་གི་རེད། ཁྱེད་རང་ཚོས་རོགས་དངུལ་ཞུ་དགོས་དོན་མི་འདུག་ཟེར་གྱི་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ལྟ་རྟོག་བྱེད་རྒྱུ་ནི་བོད་མི་སྐྱབས་བཅོལ་བ་ཚོར་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་མི་སེར་ཞུས་ཞེས་ནམ་ཡང་ལམ་སྟོན་གནང་ཐུབ་ཀྱི་མ་རེད། དེར་བརྟེན་དོ་བདག་སོ་སོས་ཐུགས་ཐག་གཅོད་དགོས་རེད། གལ་ཏེ་དོ་བདག་ཅིག་གིས་རྒྱ་གར་གྱི་མི་སེར་ལག་འཁྱེར་ Passport ཞུས་པ་ཡིན་ན་ཁྲིམས་ཀྱི་ཐོག་ནས་གང་འདྲ་ཆགས་ཀྱི་རེད་ཅེས་ཁག་གཅིག་གིས་དེ་ལྟར་ཞུ་གི་འདུག ད་ལྟ་ཡིན་ནའང་གོ་ནོར་ཐེབས་ཀྱི་ཡོད་ས་རེད། རྒྱ་གར་གྱི་མི་སེར་ལག་འཁྱེར་ Passport ཞུས་པ་ཡིན་ན་སྐྱབས་བཅོལ་ལག་འཁྱེར་དང་ཕྱི་སྐྱོད་ལག་འཁྱེར་སེར་པོ་ག་རེ་ཆགས་ཀྱི་རེད། ཚང་མ་ཉར་ཆོག་གི་རེད་དམ་མ་རེད། ངས་རྒྱ་གར་འོས་བླུག་ཆོག་པའི་ལག་འཁྱེར་དེ་བཟོས་པ་ཡིན། ད་ང་ལ་སྐྱབས་བཅོལ་ལག་འཁྱེར་དང་ཕྱི་སྐྱོད་ལག་འཁྱེར་སེར་པོ་བསྡུ་ཤོག་ཟེར་གྱི་འདུག ཅེས་ཞུས་མཁན་འདུག
རྒྱ་གར་འོས་བླུག་ཆོག་པའི་ལག་འཁྱེར་དང་། ཕྱི་སྐྱོད་ལག་འཁྱེར་ Passport བཟོས་པ་ཡིན་ནའང་རེད། དེ་བཞིན་རྒྱ་གར་མི་སེར་ཞུས་ན་ཨ་ཅང་ཅང་སྐྱབས་བཅོལ་ལག་འཁྱེར་(R.C)དང་། དེབ་སེར་པོ་ཡར་བསྡུ་དགོས་ཀྱི་ཡོད། གང་ཡིན་ཟེར་ན། ང་རྒྱ་གར་ཡིན་ཟེར་གྱི་ཡོད་དུས། རྒྱ་གར་ཡིན་ཚར་རྗེས་ཁྱེད་རང་ལ་བོད་པའི་སྐྱབས་བཅོལ་ལག་འཁྱེར་དགོས་དོན་ཡོད་པ་མ་རེད། བོད་པའི་སྐྱབས་བཅོལ་ལག་འཁྱེར་དེ་ག་རེ་རེད་ཟེར་ན། ཁྱེད་རང་བོད་པ་ཡིན་ཟེར་དུས་རྒྱ་གར་ནང་བསྡད་ཆོག་པར་ཡིག་ཆ་གནང་བ་རེད། ཁྱེད་རང་རྒྱ་གར་ཡིན་ཟེར་དུས་ཡིག་ཆ་དེ་ནུས་མེད་ཕྱིན་ཚར་བ་རེད། ཕྱི་རྒྱལ་ལ་ལག་དེབ་སེར་པོའི་ཐོག་འགྲོ་གི་ཡིན་ཟེར་རྒྱུ་མེད། ཕྱི་སྐྱོད་ལག་འཁྱེར་ Passport ཞུ་ན་ཨ་ཅང་ཅང་འོས་བླུག་ཆོག་པའི་ལག་འཁྱེར་བཟོ་པ་ཡིན་ནའང་སྐྱབས་བཅོལ་ལག་དེབ་དང་ལག་དེབ་སེར་པོ་བསྡུ་དགོས་ཀྱི་ཡོད་རེད། གཉིས་ཀར་ཉར་ཆོག་གི་མེད། དེ་ཁྲིམས་འགལ་རེད། རྒྱ་གར་འོས་ཤོག་བླུག་རྒྱུ་དེ་རྒྱ་གར་མི་སེར་ལ་མ་གཏོགས་མེད། དེར་བརྟེན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་རྒྱ་གར་ཚོ་ཡིན་ནའང་རྒྱ་གར་གཞུང་གིས་ Overseas Citizen of India གནང་གི་ཡོད། དེ་གང་རེད་ཅེ་ན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་རྒྱ་གར་ཚོ་རྒྱ་གར་ལ་ཕེབས་པ་ཡིན་ན། ཁོ་རང་ཚོར་ཐོབ་ཐང་ཆ་ཚང་ཡོད། འོན་ཀྱང་ཐོབ་ཐང་གཅིག་མེད་པ་ནི་འོས་བླུག་པ་དང་བཞེངས་ཆོག་གི་མེད།
དེར་བརྟེན་འོས་བླུག་རྒྱུའི་ལག་འཁྱེར་བླངས་ཚར་རྗེས་སྐྱབས་བཅོལ་ལག་འཁྱེར་དང་ལག་དེབ་སེར་པོ་ཉར་ཆོག་གི་མེད། དེ་ཐུགས་ལ་ཉར་རོགས་གནང་། རྒྱ་གར་གྱི་མི་སེར་ཐོབ་ཐང་ཞུ་ན་ཕན་གནོད་གང་ཡོད་དོ་བདག་སོ་སོས་གཟིགས་རྒྱུ་རེད། གཞི་རྩའི་ང་ཚོས་ཞིབ་འཇུག་བྱ་ཆོག་རྒྱུ་རེད། དོ་བདག་སོ་སོར་ཚོང་ཁང་དང་མགྲོན་ཁང་ཆེན་པོ་དེ་འདྲ་ཡོད་པ་ཡིན་ན་ཕྲན་བུ་ཕན་སྲིད། ཕྱོགས་མཚུངས་རྒྱ་གར་མི་སེར་ཡོད་པའི་དབང་གིས་ཚོང་ཆེན་པོ་དེ་འདྲ་བརྒྱག་རྒྱུར་ཕྲན་བུ་སྟབས་བདེ་བ་ཡོད་སྲིད། འོན་ཀྱང་རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཡིན་པ་ཡིན་ནའང་ཁང་པ་དང་། ས་ཆ་ཉོ་ཆོག་པ་དང། ཚོང་རྒྱག་ཆོག་པའི་བཀའ་འཁྲོལ་ཡོད་རེད། ཡིན་ནའང་ལག་དེབ་སེར་པོ་ནང་བཞིན་དཀའ་ངལ་ཞིག་ཡོད་རེད། དེབ་སེར་པོ་འདི་རྒྱ་གར་གཞུང་གིས་ཕྱི་རྒྱལ་དུ་འགྲོ་ཆོག་པའི་བཀའ་འཁྲོལ་གནང་ཡོད་ཀྱང་ལྡི་ལི་གནམ་ཐང་གཙོས་པའི་གནམ་ཐང་ཁག་ཏུ་རྒྱ་གར་ལས་བྱེད་ཚོས་མི་ཤེས་པའི་དབང་གིས་དེབ་སེར་པོ་འདི་ག་རེ་རེད། ཅེས་རྒྱ་གར་ནང་རྒྱ་གར་གི་ལས་བྱེད་ཚོར་གོ་རྟོགས་མེད་པའི་རྐྱེན་གྱིས་བོད་མི་ཚོར་དཀའ་ངལ་འཕྲད་ཀྱི་ཡོད། དེ་བཞིན་ཁང་པ་དང་ས་ཆ་ཉོ་ཆོག་པ། ཚོང་བརྒྱག་ཆོག་པའི་བཀའ་འཁྲོལ་ཡོད་ནའང་དེབ་སེར་པོ་ནང་བཞིན་གོ་རྟོགས་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་རེད་མ་གཏོགས་བཀའ་འཁྲོལ་ཡོད་རེད།
དེར་བརྟེན་རྒྱ་གར་མི་སེར་ཞུས་པ་ཡིན་ན། སྟབས་བདེ་བ་ཡོད། དེ་བཞིན་ཕྱི་རྒྱལ་དུ་འགྲོ་རྒྱུ་ཡིན་ན། རྒྱ་གར་མི་སེར་ཡོད་པ་ཡིན་ན། སྟབས་བདེ་རུ་འགྲོ་གི་ཡོད་ཀྱང་། རྒྱ་གར་མི་སེར་བྱས་པ་ཡིན་ན་ང་ཚོ་སྐྱབས་བཅོལ་བའི་དཀའ་ངལ་རྣམས་སེལ་མི་ཐུབ། དཔེར་ན། རྒྱ་གར་མི་སེར་ཡིན་པ་ཙམ་གྱི་ལས་ཀ་ཐོབ་ཆོག་ཆོག་མེད། རྒྱ་གར་ཡུ་པི་མངའ་སྡེས་ Uttar Pradesh སྦྲག་པའི་ས་དམིགས་ ༡༥༠ ཙམ་ཡོད་ཅེས་གསལ་བསྒྲགས་བྱས་པ་རེད། སྙན་ཞུ་ཕུལ་མཁན་འབུམ་གཅིག་ལྷག་བྱུང་བ་རེད། ལག་འཁྱེར་ཚད་མཐོ་བོ་ཡོད་མཁན་ཚོ་ཡིན་ནའང་སྙན་ཞུ་ཕུལ་ཡོད་སྟབས། བོད་པས་ང་ལ་རྒྱ་གར་མི་སེར་ཡོད། ང་འདིའི་ནང་ཐོབ་ཐང་དགོས་ལབ་པ་ཡིན་ན། འབུམ་གཅིག་དང་ལྷག་ཙམ་གྱི་མཉམ་དུ་སྙན་ཞུ་འབུལ་ནས་འགྲན་བསྡུར་བྱས་ནས་འགྲོ་དགོས་རེད་མ་གཏོགས་ཁྱེད་རང་རྒྱ་གར་མི་སེར་རེད་ཅེས་ལམ་སང་ཐོབ་ཐང་མེད། རྒྱ་གར་མི་སེར་ཆགས་པ་ཡིན་ནའང་རྒྱ་གར་མི་སེར་གྱི་གནས་སྟངས་སྤྱི་མཚུངས་ཀྱི་ཐོག་ནས་འགྲོ་དགོས་པ་རེད་མ་གཏོགས་དམིགས་བསལ་གྱི་ཐོབ་ཐང་ཧ་ཅང་ཐོབ་རྒྱུ་གང་ཡང་མེད།
ཕྱིས་སུ་རྒྱ་གར་གྱི་མི་སེར་ཞུ་མཁན་མང་དུ་སོང་ན། གཞིས་ཆགས་ཀྱི་ཐོབ་ཐང་ཡོད་དང་མེད། གཞིས་ཆགས་དང་སློབ་གྲྭ་དེ་དག་མང་ཆེ་བ་བོད་མི་སྐྱབས་བཅོལ་བ་ཞེས་ཐོབ་ཐང་བསྐྲུན་ཡོད། རྒྱ་གར་མི་སེར་ཆགས་པ་ཡིན་ན། རྒྱ་གར་གཞུང་གི་མཐུན་རྐྱེན་འོག་འགྲོ་དགོས་རེད་མ་གཏོགས་སྐྱབས་བཅོལ་བའི་ཐོབ་ཐང་བླང་རྒྱུ་ཡོད་མེད་ཕྱིས་སུ་རྒྱ་གར་མི་སེར་བླང་མཁན་མང་དུ་ཕྱིན་པ་ཡིན་ན་སྐད་ཆ་དེ་ཤུགས་ཆེ་རུ་འགྲོ་གི་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ནས་ལངས་ཕྱོགས་གསལ་པོ་བཟོ་དགོས་ཆགས་ཀྱི་རེད། དེར་བརྟེན་འགའ་ཤས་ཀྱིས་ངས་རྒྱ་གར་གྱི་མི་སེར་ལག་འཁྱེར་དང་། འོས་བླུག་ཆོག་པའི་ལག་འཁྱེར་བླང་སྟེ་ཐོབ་ཐང་གཞན་རྣམས་བོད་མི་སྐྱབས་བཅོལ་བ་ལྟར་བླང་རྒྱུ་ཡོང་གི་རེད་བསམས་པ་ཡིན་ན། དེ་ལྟར་ཡོང་གི་མ་རེད། ད་ཆ་རྒྱ་གར་མི་སེར་ལེན་མཁན་ཉུང་ཤས་ལས་མེད་སྟབས། གནས་ཚུལ་གང་ཡང་ཡོད་མ་རེད། ལྷག་པར་ཁ་ཐོར་ནང་ཡིན་པ་ཡིན་ན། གནས་ཚུལ་ཆུང་བ་ཞིག་རེད། མང་དུ་ཕྱིན་པ་ཡིན་ན་གནས་ཚུལ་དེ་དག་ལང་ཡོང་གི་རེད། མ་འོངས་པར་གྲོས་ཚོགས་ནང་དེའི་སྐོར་གནས་ཚུལ་ཡོང་ངེས་རེད་ལ། ཡོང་དགོས་ཀྱི་རེད། སྐབས་དེར་སྲིད་བྱུས་ཀྱང་གཏན་འབེབས་བྱེད་དགོས་ཀྱི་རེད་བསམས་ཀྱི་འདུག
ཐོབ་ཐང་ག་ཚོད་ཡོད་མེད་སོ་སོས་ཐག
དེང་སྐབས་ང་ཚོ་མི་སེར་དང་ Passport ཞུ་མཁན་ཚོས་ཁྱབ་བསྒྲགས་ཧ་ཅང་བྱེ
ཐོབ་ཐང་འདུག་ཅེས་མཐོང་ཡོང་དུས་
རྒྱ་གར་གཞུང་ཧ་ཅང་བཀའ་དྲིན་ཆེན་