ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༧ ནས་ ༡༩ བར་ཉི་ཧོང་གི་བྱང་ཁུལ་དུ་ཡོད་པའི་ལོ་རྒྱུས་ལྡན་པའི་གྲོང་ཁྱེར་མཏ་སུ་མོ་ཊོར་བོད་ཀྱི་དུས་སྟོན་ཚོགས་ཡུལ་བདམས་ཏེ་དུས་སྟོན་ཐོག་མཉམ་ཞུགས་གནང་མཁན་རྣམས་ལ་བོད་པའི་ཁོར་ཡུག་བསྐྲུན་ཆེད་ཡིན་འདུག དུས་སྟོན་ཐོག་རོལ་དབྱངས་འདུ་འཛོམས་དང་། བོད་པའི་རོལ་དབྱངས་དང་སྲོལ་རྒྱུན། སྨན་བཅས་ཀྱི་ཐོག་ཟབ་སྦྱོང་སོགས་ཀྱི་ལས་རིམ་མང་དག་ཅིག་གོ་སྒྲིག་གནང་ཡོད་འདུག
དེ་ཡང་དུས་སྟོན་དབུ་འབྱེད་ཀྱིས་ཐོག་མར་བསང་གསོལ་བཏང་གྲུབ་བསྟུན་ད་ལྟ་ཉི་ཧོང་ནང་གནས་སྡོད་བྱེད་མཁན་དེ་སྔའི་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་བསྟན་འཛིན་ཀུན་བཟང་ལགས་ཀྱིས་ལྷ་མོའི་འཁྲབ་སྟོན་གནང་རྗེས་བོད་པའི་སྒོར་གཞས་འཁྲབ་སྟངས་སྐོར་ཟབ་སྦྱོང་གནང་ཡོད།
དུས་སྟོན་ཐོག་རྡ་ས་དབུས་སྨན་རྩིས་ཁང་ནས་བོད་ཀྱི་གསོ་བ་རིག་པའི་ཐོག་སྨན་སློབ་ཐོན་པ་ཉེ་ཧོང་པ་སྐུ་ཞབས་ཨོ་ག་བ་ལགས་ཀྱིས་བོད་སྨན་ཐོག་ཟབ་སྦྱོང་གནང་སྐབས་ཐོག་མར་ཁོང་གིས་བོད་ཀྱི་སྨན་གཞུང་ནས་ཚིགས་བཅད་སྒྲོགས་སྦྱང་གནང་གྲུབ་བསྟུན་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་ཐོག་འགྲེལ་བཤད་གཟབ་རྒྱས་གནང་ཡོད།
ཕྱོགས་མཚུངས་དུས་སྟོན་ཐོག་ཨ་རིར་གནས་སྡོད་བོད་མི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་ཚེ་བརྟན་ལགས་ཀྱིས་བཟོ་སྐྲུན་གནང་བའི་ཕ་ས་བུ་ཐུག ཅེས་པའི་དངོས་བྱུང་གློག་བརྙན་བསྟན་ཡོད། གློག་བརྙན་འདི་བཞིན་ཨ་རིར་གནས་སྡོད་བསྟན་འཛིན་རིག་གྲོལ་ལགས་ཀྱིས་ཁོང་གི་འཆི་བཞིན་པའི་ཕའི་སོ་སོའི་ལུང་པའི་ས་གཞི་ཐོག་གོམ་པ་སྤོ་ཐུབ་རྒྱུའི་ཕུག་བསམ་སྒྲུབ་སྟངས་ཐོག་གཞིར་བཞག་པ་ཞིག་ཡིན་འདུག།