ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་མི་བཅུ་གྲངས་ཤིག་ཚོགས་པའི་ལས་དོན་དང་འབྲེལ་ནས་རྡ་ས་བཞུགས་སྒར་དུ་ཆེད་ཕེབས་གནང་ཡོད་པ་དང་སྟབས་བསྟུན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༣ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༧ ཐོག་སེར་ཀོང་མགྲོན་ཁང་དུ་ཁོང་རྣམ་པ་ཚོར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་སྣེ་ལེན་གྱི་གསོལ་སྟོན་ཞིག་འབུལ་ལམ་ཞུས་ཡོད།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ་འགའ་ཤས། ཚོགས་དྲུང་དང་དྲུང་འཕར་རྣམ་གཉིས་བཅས་མཉམ་ཞུགས་གནང་སྟེ་ཕན་ཚུན་དགོངས་ཚུལ་བརྗེ་རེས་སྐབས། ཚོགས་མི་ཁོང་རྣམ་པ་རེ་རེ་ནས་བོད་དོན་ཐོག་སེམས་འཁུར་ཡོད་པའི་རྣམ་པ་ཤུགས་ཆེ་དང་བཅས་མ་འོངས་པར་བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་དང་སྤྱི་ལྷན་ཚོགས་གཙོ་སྦྲེལ་པོ་མཆོག་བཅས་ཀྱིས་ཁོང་རྣམ་པས་བོད་དོན་ཐོག་སེམས་འཁུར་ཧ་ཅང་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞེས་དང་། མ་འོངས་པར་ཕན་ཚུན་གཉིས་ཀའི་དམིགས་ཡུལ་བསྒྲུབ་ཐབས་སུ་གང་ཅིའི་འབྲེལ་ལམ་མུ་མཐུད་དང་། ལས་འགུལ་རིམ་པ་སྤེལ་རྒྱུའི་སྐོར། གཞི་རྩའི་ཁོང་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཇི་ཕེབས་དགོངས་དོན་བཞིན་བོད་དོན་རྒྱབ་སྐྱོར་གྱིས་ནུས་ཤུགས་སོགས་འདོན་གནང་ཡོད་བའི་འབོད་སྐུལ་གནང་ཡོད་ཅིང་། ལྷག་པར་ད་རེས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་མིའི་ཁོངས་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་མི་གཉིས་ཀྱང་ཡོད་སྟབས། དཔལ་ལྡན་ཚོགས་གཙོ་མཆོག་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བའི་སྐོར་ངོ་སྤྲོད་དང་། ལྷག་པར་ད་བར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཐེངས་ ༦ ཚོགས་ཟིན་པ་དང་། རིང་མིན་ཐེངས་ ༧ ཡང་འཚོག་འཆར་ཡོད་པས་ཚོགས་འདུའི་ནང་ཐའེ་ཝན་གྱི་གྲོས་ཚོགས་འཐུས་མི་མཉམ་ཞུགས་གནང་ཐབས་སོགས་གང་ཅིའི་འབྲེལ་ལམ་ཡོང་རྒྱུ་ཡིན་སྐོར་གསུངས་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།