༢༠༡༦ ཟླ་ ༩ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་ Chairman of Tuva Republic ཀྱི་གཙོ་འཛིན་སྐུ་ཞབས་ཤོལ་བན་ཝ་ལེར་ཡེ་ཝིཅ་ཀཱ་རཱ་ཨོལ་ Mr. Sholban Valeryevich Kara-ool མཆོག་ཉེ་ཆར་འོས་བསྡུའི་སྐབས་རྒྱལ་ཁ་ཆེན་པོ་ཐོབ་སྟེ་ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་བསྟུད་མར་ཐེངས་གསུམ་འོས་འདེམས་བྱུང་བར་འཚམས་འདྲི་དང་སྦྲགས། ཐུ་ཝ་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཡོ་བ་མེད་པའི་སྒོ་ནས་དད་གུས་ཞུ་བཞིན་པར་ཐུགས་རྗེ་ཆེ་ཞུས་འདུག
དེ་ཡང་སྲིད་སྐྱོང་མཆོག་གི་འཚམས་འཕྲིན་ནང་འཁོད་དོན། ངས་བོད་མི་ཡོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་བྱས་ཏེ་སྐུ་ཉིད་མཆོག་ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་ཐེངས་གསུམ་བསྟུད་མར་འོས་འདེམས་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་ལ་རྒྱལ་ཁ་ཐོབ་པ་འདིས་སྐུ་ཉིད་མཆོག་གི་ལྷག་བསམ་དང་འབད་བརྩོན་ལ་མི་མང་གི་རེ་བ་དང་ཡིད་ཆེས་མཚོན་ཐུབ། ངས་སྐུ་ཉིད་མཆོག་གི་ལས་ཡུན་རིང་མི་མང་གི་རེ་བ་དང་མངོན་འདོད་རྣམས་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་དང་། གོ་སྐབས་འདི་བརྒྱུད་སྐུ་ཉིད་དང་སྐུ་ཉིད་མཆོག་གི་སྲིད་གཞུང་ནས་བོད་དོན་ཐོག་རྒྱབ་སྐྱོར་དང་༧གོང་ས་མཆོག་ལ་དད་གུས་གཡོ་བ་མེད་པ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་ལོ་ངོ་བཅུ་ཕྲག་གོང་ནས་བོད་དང་ཐུ་ཝ་གཉིས་དབར་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད། ངོས་ཀྱིས་ཐུ་ཝ་གཞུང་མང་གཉིས་ལ་བསྔགས་བརྗོད་དང་སྦྲགས་འབྱུང་འགྱུར་འབྲེལ་ལམ་དམ་ཟབ་མུ་མཐུད་ཡོང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག །
༼མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།༽