༢༠༡༦ ཟླ་ ༩ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནང་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༡ རེས་གཟའ་ཉི་མའི་ཕྱེད་ཡོལ་ཆུ་ཚོད་ ༣ཙམ་ལ་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་འཕགས་བོད་འབྲེལ་མཐུད་ལས་ཁང་། ཧིན་བོད་མཛའ་འབྲེལ་ཚོགས་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཅས་ཀྱིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་གྲོང་ཁྱེར་ཀོ་ཛི་ཀོ་ཌི་འམ་ཡང་ན་ཀ་ལི་ཀ་ཊ་ཞེས་པའི་གྲོང་ཁྱེར་གྱི་མ་ལ་སྦར་གསོལ་མགྲོན་ཁང་དུ་ Malabar Palace ཀེ་ར་ལ་མངའ་སྡེའི་རིག་གཞུང་བློན་ཆེན་ཟུར་པ་དང་ད་ལྟ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེམ་ཀེ་མུ་ནིར་ Dr. M.K. Muneer མཆོག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ལྷོ་ཕྱོགས་ཁུལ་གྱི་འབྲེལ་མཐུད་པ་སྐུ་ཞབས་ཇ་ཡ་པྲ་ཀ་ཤ་ཨུར་སུ་ Jaya Prakash Urs ལགས། ཀ་ལི་ཀཊ་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ནུབ་ཨ་ནནྡཱ་ཡོ་གི་ Dr Anoope Ananda Yogi ལགས་དང་ཕྱི་དྲིལ་འགྲམས་སྟོན་ཚན་པའི་འགན་འཛིན་དྲུང་གཞོན་བཀྲ་ཤིས་ཕུན་ཚོགས་ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ལྷོ་ཕྱོགས་ཁུལ་གྱི་དྲུང་ཆེ་སྐུ་ཞབས་ཨིག་སྦལ་ཀན་ལགས་བཅས་དབུ་བཞུགས་ཐོག་རྒྱ་གར་བཀའ་དྲིན་ཆེ། ཞེས་པའི་ལས་འགུལ་དབུ་འཛུགས་གནང་ཡོད།
སྐབས་དེར་ཐོག་མར་སྐུ་མགྲོན་རྣམ་པས་སྣང་གསལ་ཞལ་ཕྱེ་གནང་བསྟུན་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཐེངས་འདིར་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལས་འགུལ་གཞི་རྒྱ་ཆེ་བ་དེ་བསྟུད་མར་སྤེལ་འཆར་ཡོད་པའི་རྒྱུ་མཚན་ནི། འདས་པའི་མི་ལོ་ ༥༠ ལྷག་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་བཙན་བྱོལ་བ་རྣམས་ལ་ཟས་གོས་གནས་མལ་ཙམ་མ་ཟད། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ཐོག་མཐུན་འགྱུར་རོགས་རམ་ཧ་ཅང་གནང་དང་གནང་བཞིན་པ་སོགས་ཀྱི་བཀའ་དྲིན་ལ་རྗེས་དྲན་ཞུ་ཆེད་ལས་རིམ་འདི་ལྟར་གོ་སྒྲིག་ཞུ་ཐུབ་པ་ཧ་ཅང་གལ་གནད་ཆེན་པོ་ཡིན་སྐོར་དང་། ༧གོང་ས་མཆོག་གིས་དུས་རྒྱུན་རྒྱ་གར་འཕགས་པའི་ཡུལ་ནི་སྲོལ་རྒྱུན་ཐོག་ཆོས་ལུགས་འདྲ་མིན་དང་རིག་གཞུང་འདྲ་མིན་འཆམ་མཐུན་ངང་འཚོ་གནས་བྱེད་ས་རིས་མེད་ཀྱི་རྒྱལ་ཁབ་མིག་དཔེ་འོས་པ་ཞིག་ཡིན་སྐོར་འཛམ་གླིང་ཕྱོགས་མཐའ་ཀུན་དུ་བཀའ་སློབ་སྩལ་བཞིན་ཡོད་པ་དང་། རྒྱ་གར་ཡུལ་འདི་མིག་དཔེར་གཙོ་བཟུང་ཐོག་༧གོང་ས་མཆོག་གིས་འཛམ་གླིང་ནང་ཞི་བདེ་གོང་མཐོར་གཏོང་ཐབས་མཛད་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་བསྟུན། ཀ་ལི་ཀཊ་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ནུབ་ཨ་ནནྣཱ་ཡོ་གི་ལགས་ཀྱིས་བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་བོད་ཀྱི་ཁོར་ཡུག་གལ་གནད་སྐོར་གསུངས་རྗེས།
སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨེམ་ཀེ་མུ་ནིར་མཆོག་གིས་གསུང་བཤད་གནང་སྐབས། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱེད་རྗེས་༧གོང་ས་མཆོག་གིས་དབུ་ཁྲིད་འོག་བོད་མི་ཁག་གཅིག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཡོད་པ་དང་། བོད་ཆོལ་ཁ་གསུམ་གོང་བུ་གཅིག་ཏུ་ཡོད་ཀྱང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་གསར་བཟོ་བྱས་ནས་དབང་སྒྱུར་བྱེད་བཞིན་ཡོད་པ་དང་། ངས་ཀེ་ར་ལ་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱ་རྒྱུ་ཡིན། ཞེས་དང་༧གོང་ས་མཆོག་ནི་འཛམ་གླིང་ནང་ཞི་བདེ་སྤེལ་གནང་མཁན་གྱི་གྲགས་ཅན་མི་སྣ་ཞིག་ཡིན་པ་དང་། ཁོང་གི་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་དོན་བདེན་མཐའ་གསལ་ཐབས་གནང་བཞིན་ཡོད་སྐོར་དང་། བོད་མི་རྣམས་རྒྱ་ནག་གཞུང་གི་བཙན་གནོན་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་དུས་སྐབས་འདིར་ཁོང་ཚོར་རོགས་རམ་བྱ་རྒྱུ་ང་ཚོ་ཞི་བདེ་ལ་དགའ་བའི་མི་མང་ཚོའི་ལས་འགན་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་དམིགས་བསལ་སྐུ་མགྲོན་ཀ་ལི་ཀཊ་སྨན་གྱི་མཐོ་སློབ་ཀྱི་སྨན་པའི་ཆེད་ལས་པ་སྐུ་ཞབས་ཇ་ཡ་ཤ་ Dr Jayash, MD,Medical College, Callicut ལགས་ཀྱིས་གསུང་བཤད་གནང་བ་སོགས་ཡོངས་སུ་གྲུབ་རྗེས་སྦེང་ལོར་བོད་ཁྱིམ་སློབ་མ་རྣམས་ཀྱིས་བོད་ཀྱི་གཞས་སྣ་འཁྲབ་སྟོན་གནང་རྗེས་དབུ་འབྱེད་མཛད་སྒོ་གྲོལ། དེ་ཡང་འགྲེམས་སྟོན་སྐབས་རྒྱ་གར་ས་གནས་ཡུལ་མི་དང་སྐུ་མགྲོན། ཚོགས་བཅར་བ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་འགའ་ཤས་ཀྱིས་བོད་ཀྱི་སྨན་དང་རྩིས། དེ་བཞིན་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འཕགས་བོད་འབྲེལ་ལམ་དང་། ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་བྱས་པ་བཅས་ཀྱི་པར་རིས་རྣམས་ལ་དོ་སྣང་ཧ་ཅང་གནང་བ་མ་ཟད། རྒྱ་གར་ནང་དང་ཀེ་ར་ལ་ས་གནས་ཀྱི་གྲགས་ཅན་གསར་ཤོག་ཁག་མི་འདྲ་བ་བཞིའི་ནང་གནས་ཚུལ་སྤེལ་འདུག དེ་ཡང་ས་གནས་ཉིན་རེའི་གསར་ཤོག་གྲགས་ཅན་ཇ་ནམ་བྷུ་མི་ Janma Bhumi དང་ མཱཏྲ་བྷུ་མི་ Mathru Bhumi རྒྱ་གར་གྱི་དུས་བབ་ Times of India ཌེག་ཀན་གསར་ཤོག་བཅས་ནང་གནས་ཚུལ་ཞིབ་ཕྲ་འཁོད་འདུག།