ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནང་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༡ ཉིན་ཀེ་ར་ལ་གྲོང་ཁྱེར་ཀེ་ལི་ཀཊ་ནང་དབུ་འཛུགས་གནང་བའི་༼རྒྱ་གར་བཀའ་དྲིན་ཆེ།༽ ཞེས་པའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཉིན་གཉིས་པ་སྟེ་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧ ཙམ་ལ་མཛད་སྒོ་དངོས་གཞི་ཚོགས་ཡུལ་མ་ལ་གྷར་གསོལ་མགྲོན་ཁང་ནས་རྒྱང་ཐག་སྤྱི་ལེ་གཉིས་ཙམ་གྱི་སར་ཀེ་ལི་ཀཊ་མཚོ་འགྲམ་ Calicut Beach དུ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་གོ་སྒྲིག་འོག་སྤྲོ་ཚོགས་ཤིག་གོ་སྒྲིག་གནང་སྐབས་བོད་པའི་གནད་དོན་དོན་དྲིལ་བསྒྲགས་སྤེལ་ཆེད་སྡིངས་ཆའི་སྟེང་བོད་དོན་གཏམ་བཤད་དང་བོད་ཀྱི་གཞས་སྣ་འཁྲབ་སྟོན་གནང་རྒྱུའི་གོ་སྐབས་བྱུང་ཡོད།
སྐབས་དེར་སྡིངས་ཆའི་སྟེང་སྐུ་མགྲོན་གཙོ་བོ་ཀེ་ར་ལ་མངའ་སྡེའི་མཚོ་གྲུ་འབབ་ཚུགས་བློན་ཆེན་སྐུ་ཞབས་རཱམ་ཅནྡྲ་ཀ་ཊ་ན་བ་ལི་ Minister of Port,Ramachandran kadannappalli མཆོག་དང་། བྱང་ཕྱོགས་ཀེ་ལི་ཀཊ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སྲ་དེབ་ཀུ་མཱར་ MLA,Shri Pradeep Kumar མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མི་མཆོག ལྷོ་ཕྱོགས་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་འབྲེལ་མཐུད་པ་ཇེ་པི་ཨར་སི་ JayaPrakash Urs མཆོག ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ནུབ་ཨནནྡཱ་ཡོ་གི་ Anoop Aanandayogi ལགས། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་སོགས་དབུ་བཞུགས་ཐོག་སྦེང་ལོར་བོད་ཁྱིམ་གྱི་སློབ་མ་རྣམས་ནས་གཞས་སྣ་འཁྲབ་སྟོན་ཞུས།
དེ་རྗེས་རིན་ཆེན་མཁའ་འགྲོ་ཁིར་མེ་མཆོག་གིས་མི་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཐོག་གསུང་བཤད་གནང་དོན། ང་ཚོ་རྒྱ་གར་ཡུལ་འདིར་ཆོས་ལུགས་དང་མི་རིགས། རིག་གཞུང་སོགས་འདྲ་མིན་སྣ་ཚོགས་མཉམ་དུ་ཞི་བདེ་བག་ཕེབས་ངང་འཚོ་གནས་བྱེད་བཞིན་ཡོད། ང་ཚོ་རྒྱ་གར་གྱི་སྟོབས་ཤུགས་ངོ་མ་དེ་རྒྱ་གར་ཨ་རུ་ནཱ་ཅལ་ནས་ཀན་ཡ་ཀུ་མཱ་རི་བར་ཆིག་སྒྲིལ་བྱ་རྒྱུ་འདི་རེད། ད་རེས་ང་རང་ཀེ་ར་ལ་མངའ་སྡེའི་ནང་ལས་དོན་ཞིག་གི་ཆེད་དུ་སླེབ་པ་ཡིན། ལས་དོན་འདི་གང་ཡིན་བརྗོད་ན་བོད་ནང་གི་བོད་མི་ཚོར་རྒྱབ་སྐྱོར་བྱ་རྒྱུ་འདི་རེད། བོད་ནི་རྒྱ་དཀར་ནག་གཉིས་ཀྱི་བར་ཞུགས་སུ་གནས་ཡོད།
དེ་སྔ་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་སྐབས་སུ་བོད་དང་རྒྱ་གར་ཡུལ་གྲུ་གཉིས་དབར་ས་མཚམས་སྲུང་སྐྱོབ་ཆེད་དམག་མིའི་དགོས་པ་མེད། སྐབས་དེར་རྒྱ་གར་གྱི་ས་མཚམས་ལ་ཉན་ཁ་གང་ཡང་མེད་པར་ཧ་ཅང་ལྷིང་འཇགས་པོ་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་དབང་སྒྱུར་བྱས་པར་བརྟེན་དེང་སྐབས་རྒྱ་གར་གྱི་ས་མཚམས་ཁག་ནང་ལྷིང་འཇགས་མེད་པའི་གནས་སྟངས་ཆགས་ཡོད།
གནད་དོན་དེ་དག་སྐོར་ལ་ང་ཚོས་དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་མཛད་ནས་མི་ལོ་ ༥༠ ལྷག་ཕྱིན་བཞིན་ཡོད། བོད་ཀྱི་དཀའ་ངལ་མ་སེལ་བར་ང་ཚོས་དུས་ཚོད་ཇི་ཙམ་བར་ངང་སྒུག་བྱེད་དགོས་སམ། ང་ཚོ་ཚང་མས་ཤུགས་རྒྱག་དགོས་པ་མ་ཟད། ལྷག་པར་གཞོན་སྐྱེས་ཚོས་བོད་དོན་ལ་རྒྱབ་སྐྱོར་གནང་བའི་ཐོག་ནས་བོད་ལ་མགྱོགས་མྱུར་རང་དབང་ཐོབ་ཐབས་གནང་དགོས།
གལ་ཏེ་བོད་ལ་དེ་སྔ་ལྟར་རང་བཙན་བྱུང་བ་ཡིན་ན་རྒྱ་གར་གྱི་ས་མཚམས་ལ་ཞི་བདེ་ལྷིང་འཇགས་ཡོང་ངེས་རེད། ང་ཚོ་མ་འོངས་པར་བོད་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་ཐུབ་པའི་རེ་སྨོན་ཞུ་བཞིན་ཡོད། ཅེས་སོགས་གསུངས།།