༢༠༡༦ ཟླ་ ༨ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉེ་ལམ་ཨི་ཊ་ལིའི་དབུས་ཁུལ་དུ་ས་ཡོམ་གྱི་གོད་ཆག་འོག་མི་གྲངས་ ༣༠༠ ཙམ་འདས་གྲོངས་སུ་གྱུར་བ་མ་ཟད། མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་པ་དང་། སྡོད་ཁང་སོགས་རྩ་གཏོར་ཕྱིན་པའི་བློ་ཕམ་གྱི་གནས་ཚུལ་བྱུང་སྟབས། ཨི་ཊ་ལིའི་སྲིད་བློན་སྐུ་ཞབས་མ་ཐིའོ་རེན་ཛི་ Matteo Renzi མཆོག་ལ་སེམས་གསོའི་འཕྲིན་ཡིག་ཞིག་ཕུལ་བའི་ནང་འཁོད་དོན།
ཨི་ཊ་ལིའི་དབུས་ཁུལ་དུ་ས་ཡོམ་གྱི་གོད་ཆག་ཚབས་ཆེ་ཕོག་པའི་བློ་ཕམ་གྱི་གནས་ཚུལ་གོ་ཐོས་བྱུང་འཕྲལ་ང་ཚོར་བློ་ཕམ་ཧ་ཅང་བྱུང་། ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ས་ཡོམ་གྱི་གོད་ཆག་ཕོག་ཡུལ་ཨི་ཊ་ལིའི་གྲོང་ཁྱེར་དང་གྲོང་གསེབ་ Amatrice, Accumoli, Arquata del Tronto, Pescara del Tronto བཅས་ཀྱི་མི་མང་རྣམས་ལ་མྱ་ངན་གུས་འདུད་དང་སྦྲགས་སེམས་གསོ་ཞུ་རྒྱུ་མ་ཟད། ཤུལ་ལུས་ནང་མི་སྤུན་མཆེད་དང་རྨས་སྐྱོན་ཕོག་པ་རྣམས་ཀྱིས་གཙོས་དཀའ་སྡུག་འོག་མནར་བཞིན་པའི་ཡུལ་མི་རྣམས་ལ་དཀའ་ངལ་གྱི་དུས་སྐབས་འདི་ལས་མྱུར་དུ་རྒྱལ་ཐུབ་པ་དང་། ཨི་ཊ་ལི་གཞུང་མང་གཉིས་ནི་ད་བར་བོད་མི་དང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཡིན་པར་བརྟེན། ད་ལྟ་ཡུལ་དེར་འབྱུང་བའི་གོད་ཆག་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་དུས་སྐབས་འདིར་ང་ཚོས་སྙིང་ཁུང་རུས་པའི་གཏིང་ནས་དཀའ་སྡུག་མྱོང་བཞིན་པའི་ཡུལ་མི་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་མ་ཟད། རྨས་སྐྱོན་ཕོག་མཁན་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
གཞི་རྩའི་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༤ ཉིན་ཨི་ཊ་ལིའི་དབུས་ཁུལ་དུ་ས་ཡོམ་ཤུགས་ཚད་ ༦ བརྒྱབ་སྟེ་ཡུལ་མི་ ༣༠༠ ཙམ་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། སྡོད་ཁང་ཧ་ཅང་མང་པོ་རྩ་མེད་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད།།