༢༠༡༦ ཟླ་ ༨ ཚེས་ ༡༦ རེས་གཟའ་མིག་དམར།

ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གསོལ་སྟོན་དུ་ཆིབས་སྒྱུར་བསྐྱངས་བཞིན་པ། སྐུ་པར་བདག་དབང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱི་ས་གནས་ནས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༤ ཉིན་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་Ladakh Autonomous Hill Development Council
ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུང་ཚིགས་གསོལ་སྟོན་ཞིག་འདེགས་འབུལ་ཞུས་ཡོད།
སྐབས་དེར་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས། གླིང་མཆོག་སྤྲུལ་རིན་པོ་ཆེ་དང་། བ་ཀུ་ལ་མཆོག་སྤྲུལ་རིན་པོ་ཆེ། རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ངག་དབང་རིག་འཛིན་ཇོ་ར་ལགས། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྨན་པ་བསོད་ནམས་ཟླ་བ་བློན་པོ་ལགས།
ལ་དྭགས་རང་སྐྱོང་ཚོགས་པའི་འཛིན་སྐྱོང་འགན་འཛིན། མངའ་སྡེའི་རྫོང་དཔོན། ས་གནས་མི་མང་གི་འཐུས་མི་རྣམ་པ།
དེ་བཞིན་ས་གནས་ཀྱི་སྨན་པ་དང་འཕྲུལ་ལས་འཆར་འགོད་པ་སོགས་གནད་ཡོད་མི་སྣ་རྣམས་ལ་༸གོང་ས་མཆོག་གིས་བོད་དེ་ལོ་རྒྱུས་ནང་དཀའ་ངལ་ཆེ་ཤོས་འཕྲད་བཞིན་པའི་དུས་སྐབས་ནང་ལུང་ཡོད་པའི་སྐབས་འདིར་ལ་དྭགས་ཀྱི་མི་མང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་གྱིས་མ་འོངས་པར་བོད་དུ་རང་དབང་གི་ཉི་མ་འཆར་ཚེ་བོད་ལ་ཏན་ཏན་ཕན་ཐོགས་བསྒྲུབ་ཐུབ་པའི་ཐུགས་རེ་མཛད་བཞིན་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ།
གསོལ་སྟོན་འདེགས་འབུལ་གྱི་མཛད་སྒོར་ཟློས་གར་བ་ཚོས་གཞུང་གླུ་ཞེས་ལ་དྭགས་དང་བོད་གཉིས་ཀྱི་དབར་ལོ་རྒྱུས་ཐོག་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་གླུ་དབྱངས་ཁག་གཅིག་སྤྱན་འབུལ་ཞུས་པ་དང་།
ཏུར་ཐུག་ནས་སླེབས་པའི་ཁ་ཆེ་བ་ཞིག་གིས་མགོན་པོ་མཆོག་ལ་ཆེ་བསྟོད་ཀྱི་སྙན་ངག་ཞིག་སྙན་སྒྲོན་ཞུས་ཏེ་ཁ་ཆེའི་ཆོས་ལུགས་ཀྱི་དབུ་ཞྭ་ཞིག་ཀྱང་འབུལ་ལམ་ཞུས་པ་ཐུགས་དགྱེས་བཞེས་མཛད།།