༢༠༡༦ ཟླ་ ༨ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སླེའི་ཉེ་འཁྲིས་སུ་ཆགས་པའི་ཁ་ཆེའི་སྒེར་གྱི་སློབ་གྲྭར་ Islamia Public School ༸ཞབས་སོར་འཁོད་རྗེས། མཛད་སྒོའི་ཐོག་མར་སློབ་གྲྭའི་དབུ་འཛིན་སྐུ་ཞབས་ཨབ་དུལ་ཀ་ཡུམ་ Dr. Abdul Kayum ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ད་ཆ་ང་ཚོས་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་ཆེད་འབད་བརྩོན་ཧ་ཅང་ཤུགས་ཆེན་པོའི་ཐོག་ནས་བྱ་རྒྱུའི་དུས་ལ་བབ་འདུག ང་ཚོ་བྱིས་པ་ལོ་ན་ཧ་ཅང་ཆུང་ཆུང་སྐབས་སུ་མི་གཅིག་གྱུར་གྱི་འདུ་ཤེས་ཡོད། དཔེར་ན། ཕྲུ་གུ་ཆུང་ཆུང་རྩེད་མོ་རྩེད་སྐབས་རིགས་རུས་དང་ཆོས་ལུགས། དབུལ་ཕྱུག རྒྱལ་ཁབ་མི་འདྲ་བའི་ཁྱད་པར་དེ་དག་གལ་ཆེར་མ་བརྩི་བར་གཙོ་བོ་ཕན་ཚུན་མཐུན་གཤིབས་ཀྱིས་འཛུམ་མདངས་སྟོན་རེས་བྱས་ནས་མིའི་རང་བཞིན་ལྷན་སྐྱེས་ཀྱི་མཛའ་བརྩེའི་ཚོར་བའི་ཐོག་མཉམ་དུ་རྩེད་མོ་རྩེ་རྒྱུ་དེ་གལ་ཆེར་རྩི་བཞིན་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་ཕྲུ་གུ་ཆུང་དུས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་ཡོད་པ་དེ་དག་རིམ་བཞིན་འཚར་ལོངས་བྱེད་སྐབས་བག་ལ་ཉལ་བའི་ཚུལ་ཏུ་གནས་ནས་རིམ་པ་གཉིས་པའི་ཐོག་ནས་མི་ཕན་ཚུན་མི་འདྲ་བའི་ཁྱད་པར་ཡོད་པ་དེ་དག་ལ་གཙིགས་ཆེར་འཛིན་བཞིན་ཡོད། རིམ་པ་གཉིས་པའི་ཐོག་ནས་རྒྱལ་ཁབ་མི་འདྲ་བའི་ཁྱད་པར་ཡོད། མི་འགའ་རེས་ཆེད་མངགས་རྒྱལ་ཞེན་གྱི་བསམ་བློ་ཤུགས་ཆེ་བཟོ་ཐབས་བྱེད་བཞིན་འདུག སྤྱིར་སྟངས་རང་གི་རྒྱལ་ཁབ་ལ་རང་གིས་རྒྱལ་ཞེན་ལོས་བྱེད་དགོས། བྱས་པ་དེ་ཡག་པོ་རེད། འོན་ཀྱང་རྒྱལ་ཞེན་གྱི་བསམ་བློ་ཤུགས་ཆེ་དྲགས་པར་བརྟེན་སྐབས་རེ་རྙོག་གྲ་བཟོ་བཞིན་ཡོད། དུས་རབས་ ༢༠ ལ་ང་ཚོས་ཕྱིར་བལྟས་ཤིག་སློག་དང་། དམག་ཆེན་དང་པོ་དང་གཉིས་པ་གཉིས་ཀར་རྒྱལ་ཞེན་ཆེ་དྲགས་པའི་བསམ་བློ་འདྲེས་ནས་ཡོད་པ་གསལ་པོ་རེད།
ལྷག་པར་ན་ཛི་ Nazi ལྟ་བ་འཛིན་མཁན་ཚོའི་བསམ་བློའི་ནང་ན་ཛི་རིགས་དེ་རིགས་གཞན་ལས་ཁྱད་དུ་འཕགས་པ་ཡིན་བབསམས་པ་དང་། ཇིའུ་མི་རིགས་ཧ་ཅང་སྡུག་པ་ཞིག་ལ་ངོས་འཛིན་བྱས་ཡོད། ཕྱོགས་མཚུངས་དེ་སྔའི་འཇར་མན་ཤར་ནུབ་གཉིས་དང་། ཝི་ཏི་ནམ་ལྷོ་བྱང་གཉིས་དབྱེ་བ་དེ་དག་ཀྱང་གཙོ་ཆེ་ལྟ་གྲུབ་དང་དྲག་པོའི་དཔུང་ཤུགས་ཐོག་ནས་ཡོང་བ་ཞིག་རེད། མཐར་འཇར་མན་གཅིག་དང་ཝི་ཏི་ནམ་གཅིག་ཆགས་ཐུབ་ཡོད། འོན་ཀྱང་ཀོ་རི་ཡ་ལྷོ་བྱང་གཉིས་ད་དུང་ཡང་ཐ་དད་དབྱེ་ནས་ཡོད། དབྱེ་བ་དེ་ལྟར་ཕྱེ་དགོས་པའི་གཞི་རྩའི་རྒྱུ་མཚན་ཡང་དག་པ་ཞིག་གང་ཡང་མེད། གཞི་རྩའི་ཆ་ནས་ཕྱོགས་གཉིས་པོ་འགྲོ་བ་མི་གཅིག་མཚུངས་དང་རིགས་ཀྱི་ཆ་ནས་བརྗོད་ན་གཅིག་མཚུངས་རེད།
འོན་ཀྱང་ཕན་ཚུན་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པ་དེ་དག་ལ་ཧ་ཅང་གལ་ཆེར་བལྟ་བར་བརྟེན་གནས་སྟངས་འདི་ཆགས་ཡོད། ད་ཆ་ང་ཚོས་རིམ་པ་གཉིས་པའི་ཐོག་ནས་མི་ཕན་ཚུན་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པ་དེར་གལ་ཆེར་འཛིན་རྒྱུའི་བསམ་བློ་དེ་མཚམས་བཞག་ནས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་བསམ་པའི་རིམ་པ་དང་པོའི་ཐོག་ཤུགས་རྒྱག་དགོས། ངོས་ལ་གོ་སྐབས་བྱུང་སྐབས་སྐད་ཆ་འདིར་ནན་བརྗོད་བྱེད་བཞིན་ཡོད། འདིར་མཚོན་ན་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་མ་ཟད། ང་ཚོའི་ངོ་གདོང་ཡང་འདྲ་པོ་ཡོད། ཁྱེད་ཁ་ཆེ་བ་ཚོའི་སྣ་བུག་ཕྲན་བུ་ཆེ་བ་འདུག དམིགས་བསལ་ཁྱེད་ཚོ་སྐྱེས་པ་ཚོས་རྒྱ་གསོག་སྲོལ་ཡོད་པ་ལྟར་ཁྱེད་རང་ཚོའི་རྒྱ་འདི་ཧ་ཅང་ཡག་པོ་འདུག ང་ཚོ་ནང་པའི་དགེ་འདུན་པ་ཁག་གཅིག་གིས་མཚམས་རེ་རྒྱ་འཇོག་རྒྱུར་དགའ་པོ་བྱེད་བཞིན་ཡོད། རྒྱ་ཡོད་མེད་དང་སྣ་ཆེ་ཆུང་མི་འདྲ་བ་དེ་དག་གལ་ཆེན་པོ་མ་རེད།
ལྷག་པར་ང་ཚོས་ཆས་གོས་དང་ཞྭ་མོ་མི་འདྲ་བ་སོགས་ལ་གཙིགས་ཆེར་འཛིན་བཞིན་ཡོད། ང་ཚོ་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཚོས་ཀྱང་ཞྭ་མོ་བཟོ་ལྟ་དང་ཚོན་མདོག་མི་འདྲ་བ་ལ་ཧ་ཅང་གཙིགས་ཆེན་པོ་འཛིན་སྲོལ་ཡོད། བསམ་བློ་ཡག་པོ་གཏོང་དང་། ཕན་ཚུན་མི་མཐུན་པའི་རྣམ་པ་དེ་དག་ལ་གཙིགས་ཆེར་འཛིན་ནས་ཕན་གནོད་གང་འདུག དངོས་ཡོད་གནས་ཚུལ་ཐོག་ནས་བལྟ་བ་ཡིན་ན་འཐེན་ཁྱེར་བཟོ་གཞི་ཁོ་ན་རེད། འཐེན་ཁྱེར་གྱི་བསམ་བློ་དེས་ང་ཚོ་དང་ཁོ་པ་ཚོ། ཞེས་པའི་བསམ་བློ་ཤུགས་ཆེ་རུ་འགྲོ་རྒྱུ་རེད། དེ་འདྲ་བྱུང་ན་རྙོག་གྲ་རེད། ད་ལྟ་དུས་རབས་ ༢༡ ལོ་ངོ་བཅུ་ཕྲག་གཉིས་པའི་ནང་ཡོད། དེར་བརྟེན་མིས་བཟོས་པའི་རྙོག་གྲ་ད་ཆ་འགྲིག་ངེས་རེད་སྙམ་ནས་རྙོག་གྲ་འཕར་མ་མི་བཟོ་བའི་ཐོག་བསམ་བློ་གཏོང་དགོས། ང་ཚོས་འཛམ་གླིང་དང་འགྲོ་བ་མིའི་རིགས་བདེ་སྐྱིད་ལྡན་པ་ཞིག་ཇི་ལྟར་བསྐྲུན་རྒྱུའི་ཐོག་བསམ་བློ་གཏོང་དགོས། གལ་ཏེ་ཁ་ཞེ་གཉིས་མེད་ཐོག་ནས་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་ཁག་ཚང་མར་སློབ་སྦྱོང་དང་ཉམས་ལེན་བྱེད་པ་ཡིན་ན་ཚང་མས་འགྲོ་བ་མིའི་རིགས་ཚང་མ་སྤུན་མཆེད་ཕོ་མོ་ཡིན་སྐོར་གསུངས་ཡོད། བདེ་སྐྱིད་དང་འཆམ་མཐུན་གྱི་རྒྱུ་རྐྱེན་ནང་ནས་གཙོ་བོ་བྱམས་བརྩེ་ཡིན་པ་གསུངས་ཡོད།
དེར་བརྟེན་ཆོས་ལུགས་གཙོ་ཆེ་བ་ཚང་མས་ང་ཚོར་མི་བཟང་པོ་ཞིག་བྱེད་དགོས་པ་དང་བྱམས་བརྩེའི་ཉམས་ལེན་བྱེད་དགོས་པའི་བསླབ་བྱ་གཅིག་མཚུངས་སུ་སྐྱོན་བཞིན་ཡོད། བྱམས་བརྩེའི་ཉམས་ལེན་ཡག་པོ་ཞིག་ཡོང་བར་ཆོས་ལུགས་དེ་དག་གིས་བཟོས་པའི་ཉམས་ལེན་དགོས་པའི་བསླབ་བྱ་གསུངས་ཡོད། གཞི་རྩ་འདིའི་ཐོག་ནས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང་གཅིག་གིས་གཅིག་ལ་གུས་བཀུར། རྗེས་སུ་ཡི་རང་སོགས་ཡོང་བ་བཟོ་ཐུབ། རྒྱ་གར་འཕགས་པའི་ཡུལ་འདི་ལྟ་བུར་མཚོན་ན་འཛམ་གླིང་མི་འབོར་མང་ཤོས་ཡོད་པའི་མང་གཙོའི་རྒྱལ་ཁབ་ཡིན། རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཧ་ཅང་ཡག་པོ་འདུག ངོ་མཚར་སྐྱེ་དགོས་པ་འདུག སྐབས་རེ་རྙོག་གྲ་ཕྲན་བུ་ཡོང་བཞིན་ཡོད་པ་དེ་འདྲ་འབྱུང་སྲིད་པ་ཞིག་ཡིན། རྒྱ་གར་འདི་ལྷའི་ཞིང་ཁམས་ཤིག་མ་རེད། འགྲོ་བ་མིའི་འཚོ་གནས་བྱེད་ཡུལ་ཞིག་ཡིན། མིའི་ནང་ནས་རྙོག་གྲ་བཟོ་མཁན་འགའ་ཤས་ཡོང་བ་ནི་ཆོས་ཉིད་རེད། མི་འབོར་ཐེར་འབུམ་བརྒལ་བའི་ཁྲོད་རྙོག་གྲ་བཟོ་མཁན་རེ་བཟུང་དུས་རྟག་ཏུ་ཡོང་གི་ཡོད། དེར་བསམ་ཤེས་ཐུབ་པ་ཞིག་རེད། སྤྱི་ཡོངས་ཐོག་ནས་བལྟས་པ་ཡིན་ན་ཡག་ཐག་ཆོད་འདུག ལ་དྭགས་ས་ཁུལ་འདིར་ཡང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡག་ཐག་ཆོད་འདུག འདི་རྩ་ཆེན་པོ་རེད། རིན་ཐང་འདི་ས་ཁུལ་འདི་ཙམ་གྱི་ནང་དུ་མིན་པར་རིམ་བཞིན་ས་ཁུལ་གཞན་ཁག་ཏུ་སྤེལ་ཐབས་བྱེད་དགོས། འཆམ་མཐུན་ཟེར་ནས་ཁ་ནས་འདྲ་ཆགས་པོ་འདྲ་བཤད་པ་མ་ཡིན་པར་དོན་དམ་ཉམས་ལེན་བྱེད་དགོས། མཚམས་རེ་ཚོགས་འདུ་དེ་འདྲའི་སྐབས་འགའ་རེས་ཆོས་ལུགས་མཐུན་སྒྲིལ་གྱི་སྐད་ཆ་ཧ་ཅང་འདྲ་ཆགས་པོ་ཤོད་སྐབས།
འདྲ་ཆགས་དྲགས་སྐབས་ངོས་ཀྱིས་སེམས་ནང་ལག་ལེན་ངོ་མའི་ཐོག་གང་འདྲ་ཡོང་ངམ་སྙམ་པའི་དོགས་པ་ཡོང་བཞིན་འདུག གང་ཡིན་བརྗོད་ན་བསམ་བློའི་ཞེ་ཕུགས་དེར་ཏོག་ཙམ་མི་བདེ་བ་ཞིག་ཡོད་སྟབས་ཁ་ནས་འདྲ་ཆགས་པོ་བཤད་དགོས་པ་ཆགས་བཞིན་ཡོད། འདིར་ཆབ་སྲིད་པ་དང་ཆབ་སྲིད་པ་ཟུར་པ་ཁྱེད་ཚོས་དེའི་སྐོར་རྒྱུས་མངའ་ཡོད་མདོག་ཁ་པོ་རེད། ཅེས་ཞལ་ཤོབ་མཛད་རྗེས་མུ་མཐུད་ནས་བཀའ་སློབ་སྩལ་དོན། ང་ཚོས་ཆབ་སྲིད་པ་ཚོ་ལ་དཔེ་བལྟ་རྒྱུ་མེད། ང་ཚོ་ཁ་རི་ཁ་ཐུག་དང་དྲང་པོ་དྲང་གཞག་ལྷག་བསམ་རྣམ་དག་བྱེད་དགོས། དོན་དམ་གྱི་འཆམ་མཐུན་དང་ཆིག་སྒྲིལ་སེམས་གཏིང་ནས་ཡོང་དགོས། གྲོགས་པོ་ཡོང་བར་གཅིག་གིས་གཅིག་ལ་ཡིད་ཆེས་བློས་འགེལ་བྱ་རྒྱུ་དེ་གཙོ་བོ་རེད། འདིར་སློབ་ཕྲུག་གཞོན་སྐྱེས་ཚོ་མ་འོངས་པའི་མི་རབས་ཆགས་ཡོད། ཁྱེད་ཚོར་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བཟོ་རྒྱུའི་གོ་སྐབས་ཡོད། དེ་འདྲ་བཟོ་བར་རྣམ་དཔྱོད་ཀྱི་ཤེས་རབ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྣམ་དཔྱོད་རྒྱ་སྐྱེད་ཡོང་བར་ཤེས་ཡོན་གལ་ཆེན་པོ་ཆགས་ཡོད། སློབ་ཕྲུག་ཚོས་སོ་སོའི་ཆོས་ཀྱི་སློབ་སྦྱོང་ཐོག་འཛམ་གླིང་གི་གནས་སྟངས་སྐོར་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་འཇིགས་སྐུལ་རིང་ལུགས་པའི་ཐོག་ཁ་ཆེ་དང་ནང་པ་ཞེས་ཆོས་མིང་བཏགས་ནས་སྐད་ཆ་ཤོད་སྟངས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཐ་སྙད་འདི་ནོར་བ་རེད། གང་ཟག་སུ་རང་གིས་འཚེ་བའི་བྱ་སྤྱོད་སྤེལ་ཟིན་རྗེས་ནང་པའམ་ཡང་ན་ཁ་ཆེའི་ཆོས་པ་ཚད་ལྡན་ཞིག་ཆགས་མི་ཐུབ། ཐ་སྙད་དེས་ནང་པ་དང་ཁ་ཆེའི་ཆོས་ཀྱི་མཚན་ཤས་བཟོ་བཞིན་ཡོད། སྔ་མོ་ལོ་ངོ་བརྒྱ་ཕྲག་འགའ་ཤས་སྔོན་དུ་ཆོས་ཀྱི་མིང་ཐོག་ནས་རྙོག་གྲ་དེ་འདྲ་བྱུང་ཡོད།
འོན་ཀྱང་རྙོག་གྲ་དེ་དག་འབྱུང་རྐྱེན་གཙོ་བོ་དཔལ་འབྱོར་དང་ཆབ་སྲིད་དབང་ཆར་ཐུག་འདུག ལྟ་གྲུབ་ཐོག་ནས་མི་འདྲ་བའི་ཁྱད་པར་ཡོད། ནང་པ་རང་གི་ནང་ལ་ཆ་མཚོན་ནའང་ལྟ་གྲུབ་མི་འདྲ་བ་ཡོད། གྲུབ་མཐའ་ཕན་ཚུན་སྐབས་རེ་རྩོད་པ་བྱེད་སྐབས་མཚམས་རེ་ཚིག་རྩུབ་མོ་དེ་འདྲའང་བེད་སྤྱོད་བྱས་ཡོད། ཚང་མ་ནང་པའི་གྲུབ་མཐའ་སྨྲ་བ་ཤ་སྟག་རེད། རྩོད་པ་དེ་སྐབས་རེ་ཕན་ཐོགས་ཡོད། རྩོད་པ་བརྒྱབ་པར་བརྟེན་ལྟ་གྲུབ་དེ་ཡར་རྒྱས་འགྲོ་རྒྱུར་ཕན་རླབས་ཡོད། རྩོད་པ་རྒྱག་མཁན་ཕྱོགས་གཉིས་ཀའི་སོ་སོའི་ལྟ་གྲུབ་ཕྱུག་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོང་བཞིན་ཡོད། མཚམས་རེ་ཆོས་ལུགས་ནང་ཕན་ཚུན་འཐེན་འཁྱེར་བཟོ་མཁན་དེ་འདྲ་ཡོང་བཞིན་ཡོད། དེ་ནི་གཙོ་བོ་བདེན་པ་གཅིག་དང་ཆོས་གཅིག་ཁོ་ན་ལས་མེད་པའི་བསམ་བློ་དེའི་ཐོག་ནས་ཡོང་བཞིན་ཡོད། བསམ་ཚུལ་འདི་ཆོས་ལུགས་གཙོ་ཆེ་ཚང་མའི་ནང་ཡོད། ཆོས་གཅིག་དང་བདེན་པ་གཅིག་ཁོ་ན་ཟེར་བའི་བསམ་ཚུལ་འཛིན་པ་དེ་ལས་སྐབས་རེ་རྙོག་གྲ་བཟོ་བཞིན་ཡོད། ཡེ་ཤུའི་ཆོས་ལུགས་ལ་མཚོན་ན་དཀོན་མཆོག་གཅིག་དང་བདེན་པ་གཅིག ཆོས་ལུགས་གཅིག་ལ་ཡིད་ཆེས་བྱེད་བཞིན་ཡོད། དཀོན་མཆོག་གཅིག་མ་གཏོགས་མེད་པ་དེར་ཡིད་ཆེས་མི་བྱེད་མཁན་ཚོ་འཆི་ན་དམྱལ་བར་སྐྱེ་བར་འདོད་ཀྱི་ཡོད། སྔ་ལོ་ཡེ་ཤུའི་བླ་ཆེན་ཊུ་ཊུ་མཆོག་རྡ་སར་ཕེབས་པ་རེད། བརྙན་འཕྲིན་མདུན་ལ་ཉིན་གསུམ་ཙམ་བགྲོ་གླེང་བྱས་པ་ཡིན། སྐབས་དེར་ཁོང་གིས་ཁོང་རང་ཉིད་འཆི་བའི་རྗེས་ལྷ་ཡུལ་དུ་སྐྱེ་རྒྱུ་དང་། ཏཱ་ལའི་བླ་མ་མཆོག་གང་དུ་སྐྱེ་མིན་ངས་མི་ཤེས། ཞེས་གསུངས་པ་རེད། གང་ཡིན་བརྗོད་ན་ངོས་ཀྱིས་དཀོན་མཆོག་གཅིག་མ་གཏོགས་མེད་པ་དེ་མི་འདོད།
དེར་བརྟེན་དཀོན་མཆོག་གཅིག་དང་ཆོས་གཅིག་ཟེར་བ་དེ་གང་ཟག་སྒེར་ལ་ཧ་ཅང་རན་པོ་ཡོད། ཧ་ཅང་ཡག་པོ་རེད། དེས་སོ་སོས་ཡིད་ཆེས་བྱེད་སའི་དཀོན་མཆོག་གཅིག་པོ་དེར་བསམ་བློ་རྩེ་གཅིག་ཏུ་གཏོང་རྒྱུར་ཧ་ཅང་ཕན་ཐོགས་ཡོད། འོན་ཀྱང་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་གནས་སྟངས་ལ་གཟིགས་དང་། ཆོས་ལུགས་འདྲ་མིན་མང་པོ་དར་ཡོད་པ་དེར་སུས་ཀྱང་སྙོན་དུ་མེད། ཁས་ལེན་མི་བྱེད་ཐབས་མེད་རེད། དེར་བརྟེན་སྤྱི་ལ་བསམ་བློ་གཏོང་སྐབས་ཆོས་འགའ་ཤས་དང་བདེན་པ་འགའ་ཤས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྟ་གྲུབ་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བ་དེ་དག་གང་ཟག་སྒེར་ལ་ལྟོས་ན་དགོས་མཁོ་ཅན་ཆགས་ཡོད། དཔེར་ན་ཁ་ལག་ལྟ་བུ་རེད། ངོས་རང་ཁ་ལག་གཅིག་ལ་དགའ་པོ་ཡོད་པ་བཞིན་མི་གཞན་ཚོས་ཀྱང་ཁ་ལག་དེར་དགའ་པོ་བྱེད་དགོས། ཞེས་བརྗོད་མི་ཤེས་པ་རེད། གང་ཡིན་བརྗོད་ན་མི་སོ་སོར་བྲོ་བ་མི་འདྲ་བ་ཡོད།
ཕྱོགས་མཚུངས་ལྟ་གྲུབ་དང་ཆོས་དད་མི་འདྲ་བ་ཡོད། དེར་བརྟེན་ང་ཚོས་གུས་བརྩི་ཞུ་དགོས། ལྟ་གྲུབ་དང་མིའི་བསམ་བློ་མི་འདྲ་བ་དེ་དག་ཧ་ཅང་ཕན་ཐོགས་ཡོད། ངོས་ཀྱིས་ཉམས་ལེན་དེ་འདྲ་བྱེད་བཞིན་ཡོད། ངོས་ལ་མཚོན་ན་ནང་པ་སངས་རྒྱས་པ་ཞིག་ཡིན། ངོས་ཀྱི་ཡེ་ཤུའི་ཆོས་གྲོགས་གྲ་པ་ཅིག་ཡོད། ཁོང་རྣམ་དག་ཆོས་ལུགས་ Catholic རེད། ངོས་གཉིས་ཧ་ཅང་སེམས་ཐག་ཉེ་པོ་ཡིན། བོད་དོན་ལ་ཤ་ཚ་དང་རྒྱབ་སྐྱོར་ཧ་ཅང་གནང་མཁན་ཞིག་ཀྱང་རེད། མཚམས་རེ་ཁོང་གིས་ཝེ་ཊི་ཀན་ Vatican གཞུང་ནས་བོད་དོན་རྒྱབ་སྐྱོར་མ་གནང་བ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་གི་རེད། ངོས་གཉིས་སྒོམ་གྱི་སྐོར་དང་ཞི་གནས་ཉམས་ལེན་བྱེད་སྟངས་སོགས་ལ་བགྲོ་གླེང་ཧ་ཅང་བྱས་མྱོང་ཡོད། ཕྱི་ནང་ཐུན་མོང་བའི་རྣམ་གཞག་ཡིན་སྟབས་བགྲོ་གླེང་ཧ་ཅང་བྱས་མྱོང་ཡོད། ཉིན་གཅིག་ཁོང་གིས་སྟོང་ཉིད་སྐོར་ལ་སྐད་ཆ་དྲིས་བྱུང་། སྐབས་དེར་ངོས་ཀྱིས་ཁོང་ལ། དེའི་སྐོར་བྱུས་གཏོགས་མ་གནང་ན་ཡག་རྒྱུ་རེད། དེ་ཁྱེད་རང་ཡེ་ཤུ་བ་ཚོས་ལས་ཀ་མ་རེད། དེ་ནང་པ་སངས་རྒྱས་པ་ཁོ་ནས་ཉམས་ལེན་བྱ་རྒྱུ་རེད། ཅེས་ཞུས་པ་ཡིན། དེ་ལྟར་ཞུ་དགོས་དོན་གང་ཡིན་བརྗོད་ན། ཁོང་གིས་དཀོན་མཆོག་དེ་རྟག་གཅིག་རང་དབང་ཅན་ཞིག་འདོད་ཀྱི་ཡོད། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་བ་ཡིན་ན་རྟག་གཅིག་རང་དབང་བའི་བསམ་བློ་དེར་གནོད་རྒྱུ་རེད།
ངོས་རང་ནང་པ་རེད་ཁ་ཆེ་ལྟར་དཀོན་མཆོག་གཅིག་ལས་མེད་པའི་རྣམ་གཞག་མི་འདོད། འོན་ཀྱང་ཁ་ཆེའི་ཆོས་ལ་མཐའ་གཅིག་ཏུ་གུས་བརྩི་ཞུ་མཁན་ཞིག་ཡིན། གང་ཡིན་བརྗོད་ན་བྱམས་བརྩེ་དང་བཟོད་སྲན་སོགས་ཀྱི་བསླབ་བྱ་ཁ་ཆེའི་ཆོས་ནས་གཅིག་མཚུངས་གསུང་བཞིན་ཡོད། དེར་བརྟེན་ངོས་རང་ལ་མཚོན་ན་ཁ་ཆེ་ཡིན་ནའང་འདྲ་ཡེ་ཤུ་དང་ཇིའུ། ཧིན་དུ་སུ་འདྲ་ཞིག་ཡིན་ཡང་གྲོགས་འདྲིས་བྱ་རྒྱུར་དཀའ་ངལ་གང་ཡང་མི་འདུག ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་གྱུར་རེད། ལྷག་པར་དུ་ང་ཚོ་ཚང་མ་བྱམས་བརྩེའི་ཉམས་ལེན་བྱེད་མཁན་ཤ་སྟག་རེད། དེར་བརྟེན་ལོ་ངོ་བརྒྱ་ཕྲག་སྔོན་གྱི་ཆོས་གཅིག་དང་དཀོན་མཆོག་གཅིག་གི་བསམ་བློ་དེར་མུ་མཐུད་ནས་ཨུ་ཚུགས་རྒྱག་པ་ཡིན་ན་དཀའ་ངལ་བཟོ་སྲིད་པ་རེད། ལྟ་བ་དེ་རང་ལ་ཡིད་ཆེས་བྱེད་དགོས་པའི་བསམ་བློ་གུ་དོག་འཁྱེར་ནས་གཞན་ལ་བཙན་འགེབ་བྱས་པ་དང་སྐབས་རེ་འཚེ་བའི་ལས་ལ་འཇུག་པ་དེ་འདྲ་བྱས་ཚེ་ཆོས་ལུགས་དེའི་མཚན་སྙན་ལ་ཧ་ཅང་གནོད་རྒྱུ་རེད། དེ་སྔ་འབར་མའི་ནང་པའི་དགེ་འདུན་པ་ཚོས་ཁ་ཆེའི་ཆོས་གྲོགས་ལ་དྲག་སྤྱོད་སྤེལ་བ་དེས་ནང་པ་སངས་རྒྱས་པའི་བསྟན་པར་ཧ་ཅང་གནོད་ཡོད།
དེ་མཚུངས་ཁ་ཆེའི་ཆོས་གྲོགས་ཚོའི་ནང་ཆོས་གཅིག་དང་བདེན་པ་གཅིག་གི་བསམ་བློ་ཧ་ཅང་ཤུགས་ཆེན་པོ་འཛིན་ནས་ཆོས་ལུགས་གཞན་གྱི་རྗེས་འབྲང་པ་དཔེར་ན་ཡེ་ཤུ་དང། ཡང་ན་ཁ་ཆེ་ནང་ཁུལ་ཤི་ཡ་དང་སུན་ནི་གང་རུང་ཡིན་པའི་རྒྱུ་མཚན་དུ་བྱས་ནས་འབྲེལ་བ་མ་བྱས་པར་ཐག་རིང་པོ་བྱས་ནས་བསྡད་པ་ཙམ་མ་ཟད། འཚེ་བ་བྱས་པ་སོགས་ནི་བསམ་བློ་ཕྲན་བུ་གུ་དོག་དྲགས་པ་རེད། བསམ་བློ་དེས་ཆོས་ལུགས་རང་ཉིད་ལ་མཚན་ཤས་བཟོ་རྒྱུ་རེད། དུས་རབས་ ༢༡ འགོ་སྟོད་དུ་ཆོས་ཀྱི་མིང་ཐོག་ནས་རྙོག་གྲ་ཧ་ཅང་བྱུང་ཡོད། ད་འགྲིག་དགོས་ཚོད་རེད། ལྷག་པར་དུ་དཀྱིལ་ཤར་ཡུལ་གྲུའི་མངའ་ཁུལ་དུ་ཁ་ཆེའི་ཆོས་ལུགས་སུན་ནི་དང་ཤི་ཡ་ནང་ཁུལ་གསོད་རེ་བྱས་ནས་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད། གནས་སྟངས་དེར་སྟོབས་ཆེན་རྒྱལ་ཁབ་ཚོས་གོ་སྐབས་བཟུང་ནས་ཁེ་ཕན་ལེན་བཞིན་ཡོད། ཅེས་བཀའ་སློབ་སྩལ་རྗེས་སློབ་ཕྲུག་གི་དྲི་བར་བཀའ་ལན་སྩལ།།