༢༠༡༦ ཟླ་ ༨ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་NCERT གི་མཐུན་འགྱུར་འོག ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣ ནས་ ༡༢ བར་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་དགེ་རྒན་དང་། ཕྱི་ཚེས་ ༨ ནས་ ༡༧ བར་གཞི་རིམ་བར་མའི་ཚན་རིག་དགེ་རྒན་བཅས་ལ་གོང་འཁོད་བསྟི་གནས་ཁང་དུ་ཟབ་སྦྱོང་ཁག་གཉིས་འགྲོ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༡ ཉིན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཟབ་སྦྱོང་གནང་སར་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་དྲུང་གཞོན་སྐལ་བཟང་མགོན་པོ་ལགས་རྣམ་གཉིས་ཀྱང་ལྷན་བཅར་ཞུས་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་དང་། བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག བོད་ཁྱིམ་སློབ་གྲྭ མ་སུ་རི་བོད་ཁྱིམ། བལ་ཡུལ་ནང་ཡོད་པའི་གངས་ཅན་བདེ་རྩའི་སློབ་གྲྭ་བཅས་ནས་སྤྱི་ཚོགས་ཚན་རིག་དགེ་རྒན་ཁྱོན་གྲངས་ ༢༥ དང་ཚན་རིག་དགེ་རྒན་ཁྱོན་གྲངས་ ༢༡ མཉམ་ཞུགས་གནང་ཡོད།
དེ་ཡང་ཤེས་རིག་བཀའ་བློན་མཆོག་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་དུ་ཕེབས་འབྱོར་སྐབས་བསྟི་གནས་ཁང་དེའི་ངེས་སྟོན་པ་སྐུ་ཞབས་རུ་ཤི་ཀེཤ་སེ་ན་པ་ཏི་ Dr. Hrushikesh Senapaty ལགས་དང་། ངེས་སྟོན་པའི་ལས་རོགས་བྷི་ཀེ་ཏྲི་པ་ཐི་ Prof. B. K. Tripathi ལགས་རྣམ་གཉིས་ཀྱིས་ངེས་སྟོན་པའི་ལས་ཁུངས་སུ་གདན་ཞུས་གནང་། སྐབས་དེར་བཀའ་བློན་མཆོག་གིས་བསྟི་གནས་ཁང་གི་ངེས་སྟོན་པར་ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་ཐོག་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་སྐབས། ངེས་སྟོན་པས་འབྱུང་འགྱུར་ཡང་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་གྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་ཀྱི་འབད་བརྩོན་གནང་བཞིན་པ་དེར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་འདུག
དེ་རྗེས་བཀའ་བློན་མཆོག་སྤྱི་ཚོགས་ཚན་རིག་དང་ཚན་རིག་དགེ་རྒན་རྣམས་ཀྱི་ཟབ་སྦྱོང་གནང་སར་ཆེད་ཕེབས་གནང་སྟེ་དགེ་རྒན་རྣམས་དང་ལྷན་གླེང་མོལ་གནང་ཡོད། སྐབས་དེར་ཟབ་སྦྱོང་ནང་ཡོད་པའི་དགེ་རྒན་རྣམས་ཀྱིས་ཟབ་སྦྱོང་གི་ནང་དོན་དང་འཆར་སྒྲིག་ཁག་འདོད་བློ་ཁེངས་པ་ཞིག་ཡོད་སྐོར་ཞུས་འདུག དེ་བཞིན་བསྟི་གནས་ཁང་གི་སྤྱི་ཚོགས་ཚན་རིག་དང་ཚན་རིག་ཚན་པའི་ཟབ་ཁྲིད་པ་རྣམ་པས་ཟབ་སྦྱོང་བ་དགེ་རྒན་རྣམས་ལ་བསྟོད་བསྔགས་གནང་འདུག
དེ་ནས་བཀའ་བློན་མཆོག་གིས་གསུང་བཤད་གནང་སྐབས་རྒྱལ་ཁབ་འཛུགས་སྐྲུན་ཆེད་དགེ་རྒན་རྣམས་ཀྱི་ལས་འགན་གལ་ཆེ་ཇི་ཙམ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག དགེ་རྒན་རྣམས་ལ་བསླབ་བྱའི་སློབ་ཚན་ཐོག་རང་རྐྱ་འཕེར་བ་དགོས་རྒྱུ་དང་། སློབ་ཁྲིད་ཀྱི་ཐབས་ལམ་འདྲ་མིན་བཀོལ་ཐུབ་པའི་ནུས་པ་ཡོད་པ། སོ་སོའི་ལས་ཀའི་ཐོག་ལྷག་བསམ་དང་ཆོད་སེམས་བརྟན་པོ་དགོས་རྒྱུ་ནི་ཆེད་དགོས་ངེས་ཅན་གྱི་ཆ་རྐྱེན་ཡིན་སྐོར་ནན་པོ་གསུངས་ཡོད་པ་མ་ཟད། མཇུག་ཏུ་བཀའ་བློན་མཆོག་གིས་ཟབ་ཁྲིད་པ་རྣམས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་ཡོད། ཐེངས་འདིའི་ཟབ་སྦྱོང་ཁག་གཉིས་ཁེ་ན་ཌའི་ DFADT རོགས་ཚོགས་ཀྱིས་དཔལ་འབྱོར་མཐུན་འགྱུར་གནང་བ་ཞིག་ཡིན་འདུག །