༢༠༡༦ ཟླ་ ༨ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༠ ཉིན་ལྡི་ལི་སྐུ་ཚབ་དོན་ཁང་གི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ཉེ་སྔོན་ལྡི་ལི་སྐུ་ཚབ་དོན་གཅོད་དུ་གསར་བསྐོ་གནང་བ་བདེ་སྲུང་བཀའ་བློན་ཟུར་པ་འབྲོང་ཆུང་དངོས་གྲུབ་མཆོག་ལ་ལས་འགན་རྩིས་སྤྲོད་གནང་བའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་འདུག སྐབས་དེར་སྤྲོད་དཔང་དུ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཕེབས་ཡོད་པ་དང་། མཛད་སྒོའི་སྐབས་འབྲེལ་ཡོད་ལས་བྱེད་ཚང་འཛོམས་ཐོག་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་འབྲས་བསིལ་ཕུལ། སྐབས་དེར་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་སྐུ་ཚབ་དོན་ཁང་གི་ལས་བྱེད་རྣམས་ནས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལྷག་བསམ་ཟོལ་མེད་ཐོག་ལས་དོན་ཆེ་ཕྲ་ཡོངས་ལ་ཕྱར་གྲུ་མཉམ་འདེགས་གནང་བར་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་གསུངས།
ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་གསར་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནས་ཀྱང་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ད་བར་ལས་དོན་གང་ཅིའི་ཐད་ཚགས་ཚུད་དང་། གཟེངས་སུ་ཐོན་པའི་གྲུབ་འབྲས་འཇོག་གནང་བ་དེར་བསྔགས་བརྗོད་ཡོད་སྐོར་གསུངས་པ་མ་ཟད། ཁོང་རང་ཉིད་ནས་ཀྱང་འབྱུང་འགྱུར་གཙོ་ཆེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཞུ་སྒོ་གང་ཅིར་རང་ཉིད་ཤེས་འཇོན་གྱི་ནུས་པར་གཞིགས་པས་གང་ཐུབ་ཧུར་སྐྱེད་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས།
སྐབས་དེར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ལྡི་ལི་སྐུ་ཚབ་དོན་ཁང་འདི་གལ་གནད་ཆེན་པོ་ཇི་ཙམ་ཆགས་ཡོད་པ་དང་། བཀའ་ཟུར་བསྟན་པ་ཚེ་རིང་མཆོག་ནས་ད་བར་དོན་ཁང་གི་ལས་དོན་ཆེ་ཕྲ་ཚང་མའི་ཐོག་མིག་དཔེ་འོས་པའི་བྱས་རྗེས་བཞག་པ་དང་། ལྷག་པར་མི་ཚེ་ཧྲིལ་པོའི་རིང་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་བ་དེར་བསྔགས་བརྗོད་ཞུས་པ་དང་སྦྲགས། སྐུ་ཚབ་དོན་གཅོད་གསར་པ་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ལྷན། བྱ་བ་ལམ་ལྷོང་དང་འཕྲོད་བསྟེན་གང་ལེགས་ཡོང་བའི་སྨོན་འདུན་ཞུས་འདུག དེ་རྗེས་ལས་བྱེད་རྣམས་ནས་སྐུ་ཚབ་དོན་གཅོད་གསར་རྙིང་རྣམ་གཉིས་ལ་འཚམས་འདྲི་དང་ཐོན་མཇལ་གྱི་མཇལ་དར་ཕུལ་ཡོད།
སྤྱིར་སྐུ་ཚབ་དོན་གཅོད་གསར་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནི། བོད་མིའི་སྒྲིག་འཛུགས་ནང་ད་བར་མི་ལོ་ ༤༠ ལྷག་རིང་ཞབས་ཞུ་བསྒྲུབས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་བདེ་སྲུང་བཀའ་བློན་དུ་བསྐོ་གཞག་གནང་བ་ནས་བཟུང་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ ཉིན་བར་བདེ་སྲུང་བཀའ་བློན་གྱི་ལས་ཁུར་ཞུས་ཡོད་པ་བཅས།།